མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི<<འགྲུལ་བཞུད་ལམ་སྟོན>>ལེ་ཚན་སྤེལ་ནས་ལོ་འཁོར་གཅིག་ལོན།
2020.04.02 ཁུངས། ཀློག་གྲངས། 572

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།2019ལོའི་ཟླ4པའི་ཚེས3ཉིན། མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་གསར་དུ་སྒྲུབ་པའི་བོད་སྐད་ཀྱི་འགྲིམ་འགྲུལ་ཆ་འཕྲིན་ཞབས་ཞུའི་ལེ་ཚན<<འགྲུལ་བཞུད་ལམ་སྟོན>>ཞེས་པ་དངོས་སུ་སྤེལ་མགོ་བརྩམས། ལེ་ཚན་སྒྲུབ་ནས་ལོ་འཁོར་གཅིག་ལོན་པའི་རིང་། <<འགྲུལ་བཞུད་ལམ་སྟོན>>ལེ་ཚན་གྱིས་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོའི་འགྲིམ་འགྲུལ་ཉེན་རྟོག་པ་དང་སྐྱེལ་འདྲེན་དོ་དམ་ལས་ཁུངས། གནམ་གཤིས་བརྟག་དཔྱད་ཁང་སོགས་སྡེ་ཁག་ལ་ཁ་པར་སྐུད་སྣེའམ་ཡང་ན་བཅར་འདྲིའི་ལམ་ནས་འབྲེལ་བ་བྱས་ཏེ། བོད་ཁུལ་གྱི་ཉན་མཁན་རྣམས་དང་གངས་ལྗོངས་མེ་ལོང་དྲ་བའི་དྲ་གྲོགས་རྣམས་ལ་དུས་ཐོག་ཏུ་ཡང་དག་པའི་བགྲོད་ལམ་གྱི་གནས་ཚུལ་དང་གནམ་གཤིས་ཀྱི་གནས་ཚུལ་སོགས་ངོ་སྤྲོད་དང་གསལ་སྒྲོག་བྱས། གཞན་ཡང་འགྲིམ་འགྲུལ་ཐད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་སྒྲོག་དང་གྱོད་གཞི་དངོས་དང་འབྲེལ་ཏེ་ཁྲིམས་ལུགས་གསལ་བཤད་བྱས་ནས། རོང་འབྲོག་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་ལ་གོ་བསྐོན་བློ་འགུག་གི་ནུས་པ་ཐོན་པར་བྱས་ལ། ལྷག་པར་རླངས་འཁོར་བསྐོར་མཁན་དང་རླངས་འཁོར་ལ་འདུག་མཁན་དག་ལ་འགྲིམ་འགྲུལ་གྱི་ཁྲིམས་ལུགས་ཁྲིམས་སྲོལ་གསལ་སྒྲོག་བྱས་ཏེ། འགྲིམ་འགྲུལ་བདེ་འཇགས་ལ་མཉམ་འཇོག་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་། ལོ་གཅིག་གི་རིང་ལ། འགྲུལ་བཞུད་ལམ་སྟོན་ལེ་ཚན་ལ་དོ་སྣང་བྱ་ཚད་དང་ཉན་མཁན་གྱི་གྲངས་ཚད་། ཤུགས་རྐྱེན་ཐེབས་ཚད་སོགས་རིམ་བཞིན་ཇེ་མང་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་དང་། བོད་ཁུལ་གྱི་མང་ཚོགས་རྣམས་ཀྱིས་སྔ་རྗེས་སུ་ཁ་པར་བརྒྱུད་ནས<<འགྲུལ་བཞུད་ལམ་སྟོན>>ལེ་ཚན་གྱིས་ཁོ་ཚོའི་འཚོ་བར་རོགས་རམ་དང་འགྲོ་འདུག་སྤྱོད་གསུམ་ལ་སྟབས་བདེ་བསྐྲུན་བྱུང་ཞེས་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད།

དེ་མིན་ད་ལོའི་པྲོག་གསར་གློ་ཚད་ཀྱི་འགོག་སྲུང་དྲིལ་སྒྲོག་གི་བྱ་བའི་ཁྲོད་དུའང<<འགྲུལ་བཞུད་ལམ་སྟོན>>ལེ་ཚན་གྱིས་ཆེད་སྒྲིག་ལེ་ཚན་སྒྲུབ་ནས་རིམས་ནད་ཀྱི་གནས་ཚུལ་དང་གསར་འགྱུར། སྲིད་འཛིན་བཀའ་རྒྱ་སོགས་དུས་ཐོག་ཏུ་ལོ་ཙཱ་བྱས་ནས་རྒྱ་ཆེའི་ཉན་མཁན་རྣམས་ལ་བསྒྲགས་པ་དང་། རིམས་འགོག་གི་ཤེས་བྱ་དྲིལ་སྒྲོག་དང་དོགས་གནད་གསལ་འགྲེལ། དམངས་སེམས་བདེ་འགོད་དང་མི་སེམས་གཅིག་སྒྲིལ་གྱི་ཐད་ལ་སྟོབས་ཤུགས་བཏོན་ནས་བོད་སྐད་གཙོ་རྒྱུགས་སྨྱད་བྱད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།

<<འགྲུལ་བཞུད་ལམ་སྟོན>>ལེ་ཚན་གྱིས་རྒྱང་སྒྲོག་གི་ལེ་ཚན་གཏོང་ཐེངས་གཅིག་གིས་ཡལ་འགྲོ་བ་དང་བསྐྱར་ཉན་བྱ་མི་ཐུབ་པ། ཆ་འཕྲིན་སྒྲོག་སྤེལ་གྱི་དུས་ཚོད་ཐུང་བ་སོགས་མི་འདང་སར་དམིགས་ནས། ལེ་ཚན་བཏང་རྗེས་དུས་ཐོག་ཏུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གངས་ལྗོངས་མེ་ལོང་དྲ་བའི་སྟེང་སྤེལ་བཞིན་ཡོད་པ་དང་། དེ་ལས་ལེ་ཚན་འགའ་ཤས་ཤིག་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་སུ་སྤེལ་ནས་ཁ་པར་བཀོལ་མཁན་རྣམས་ལ་གནས་དུས་ངེས་མེད་དུ་གནམ་གཤིས་དང་ལམ་གྱི་གནས་ཚུལ་སོགས་ཤེས་རྟོགས་བྱེད་པར་སྟབས་བདེ་གང་ལེགས་བསྐྲུན་བཞིན་ཡོད།