ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་དམག་ཁུལ་ཆབ་སྲིད་ལས་དོན་ཅུའུ། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཅུའུ། ཞིང་ཆེན་རྒྱལ་སྲུང་སློབ་གསོ་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་ནས། 2020ལོའི་ཞིང་ཆེན་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱ་བར་བཀོད་སྒྲིག་བྱས། བརྡ་ཐོའི་ནང་ས་གནས་དང་སྡེ་ཁག་སོ་སོས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་འཛིན་རྒྱུ་དང་། ཏང་ཨུ་དང་སྲིད་གཞུང་། སློབ་གྲྭ། དམག་དཔུང་། སྤྱི་ཚོགས་བཅས“ཕྱོགས་ལྔ་གཞི་གཅིག”གི་ལས་ཀའི་རྣམ་པ་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་གཞི་རྟེན་དུ་བྱེད་པ། ལས་སྟེགས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཐོན་ཁུངས་ཀྱི་སྟོབས་ཤུགས་མཉམ་འདྲེས་བྱེད་པ། སློབ་གསོའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། བྱེད་ཐབས་གསར་གཏོད་བྱེད་པ། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱ་ཡུལ་དང་ས་ཁོངས། དུས་ཚོད། ནང་དོན། བྱ་ཐབས་བཅས“ཁྱོན་ཡོངས་ལ་ཁྱབ་པ་ལྔར”སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་ཡོངས་རྒྱལ་སྲུང་སློབ་གསོར་ཞུགས་ནས་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་རྒྱུན་ཆད་མེད་པར་བསྐྲུན་དགོས་པའི་བླང་བྱ་ནན་མོ་བཏོན།
བརྡ་ཐོའི་ནང་བསྟན་དོན། ད་ལོའི་རྒྱལ་སྲུང་སློབ་གསོའི་ལས་དོན་གྱིས་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཁབ་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་གྱི་བཀོད་སྒྲིག་གཞིར་བཟུང་ནས། རྒྱལ་སྲུང་སློབ་གསོའི་འགོ་ཁྲིད་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་ལས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལས་ཀའི་སྒྲིག་གཞི་སྟོབས་ཆེར་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་ཁག་བགོས་དོན་འཁྱོལ་བྱེད་པ། དམག་དཔུང་དང་ས་གནས་མཉམ་འབྲེལ་ངང་གཞུང་དོན་སྒྲུབ་པ་བཅས་བྱས་ནས། ཏང་སྲིད་དམག་གསུམ་མཉམ་འཛིན་སྤྱི་སྒྲུབ་དང་སྤྱི་ཚོགས་ཡོངས་ཧུར་ཐག་ཞུགས་པའི་ལས་ཀའི་རྣམ་པ་ཞིག་བསྐྲུན་རྒྱུ་རེད། རྒྱལ་ཁབ་ཀྱི་རྗེས་སུ་འབྲངས་ནས་དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་སྒྱུར་བཅོས་ཀྱི་འཕེལ་རིམ་གཏིང་ཟབ་ཏུ་གཏོང་བ་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གཞི་རྩའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཐད་ཀྱི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ནས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་གཏིང་ཟབ་དུ་སྤེལ་རྒྱུ་རེད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་སྲུང་སློབ་གསོ་དེ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་འཆར་གཞིའི་ནང་འཇུག་པ་དང་། རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། ལས་བྱེད་པ་གསོ་སྦྱོང་སྒྲིག་གཞི་བཅས་ཀྱི་སློབ་གསོ་སློབ་ཁྲིད་ཀྱི་ནང་དོན་ནང་འཇུག་པ། ཤེས་བྱ་འཆད་ཁྲིད་དང་དུས་བབ་སྙན་ཞུ། དམག་དོན་སྦྱོང་བརྡར་ནང་ཞུགས་པ། དམག་དོན་ཉིན་མོ་སོགས་ཀྱི་རྣམ་པ་སྤྱད་དེ་ཏང་སྲིད་ལས་ཁུངས་དང་ཁེ་ལས་དང་ལས་དོན་སྡེ་ཁག་བཅས་ཀྱི་རྒྱལ་སྲུང་སློབ་གསོ་ལམ་ལུགས་ཅན་དང་ཚད་ལྡན་ཅན། རྒྱུན་རྣམ་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ལོ་ཆུང་སློབ་མའི་རྒྱལ་སྲུང་སློབ་གསོ་དམ་འཛིན་ལེགས་པོ་བྱས་ཏེ། སློབ་དེབ་འཐུས་ཚང་དང་སློབ་ཚན་ཇུས་འགོད། བྱེད་སྒོ་གསར་སྤེལ་སོགས་ཀྱི་ཐད་ལ་ཤུགས་རྒྱག་པ་དང་། རྒྱལ་སྲུང་ཁྱད་ཆོས་ལྡན་པའི་སློབ་གསོའི་དཔེ་སྟོན་སློབ་གྲྭ་དང་། ལོ་ཆུང་དམག་དོན་སློབ་གྲྭ དམར་དམག་སློབ་ཆུང་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། མཐོ་རིམ་སློབ་གྲྭ་དང་མཐོ་རིམ་སློབ་འབྲིང་གི་དམག་དོན་གཞུང་ལུགས་སློབ་ཚན་སློབ་ཁྲིད་དང་སློབ་མའི་དམག་སྦྱོང་ཏན་ཏིག་གིས་སྤེལ་བ་དང་། གཞོན་ནུ་དང་ལོ་ཆུང་རྣམས་གོ་རིམ་ལྡན་པའི་སྒོ་ནས་རྒྱལ་སྲུང་ཚན་རྩལ་ཁྱབ་གདལ་དང་། དམག་དོན་དབྱར་སྒར། དམག་དོན་སྤྲོ་སྣང་ཚན་ཆུང་། སློབ་མ་དམག་སྒར་དུ་སྐྱོད་པའི་བྱེད་སྒོ་བཅས་སུ་ཞུགས་པར་སྒྲིག་འཛུགས་བྱས་ཏེ། “རྒྱལ་སྲུང་ལ་དགའ་ཞེན་ཡོད་པ”བརྗོད་བྱ་གཙོ་བོར་བྱས་པའི་གཏམ་བཤད་འགྲན་བསྡུར་སྤེལ་ནས། རྒྱལ་སྲུང་རྒྱུན་ཤེས་དང་ནུས་རྩལ་སློབ་སྦྱོང་ལ་སྒྲིག་འཛུགས་བྱེད་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་གཏིང་ཟབ་གཏོང་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། “དུས་རབས་གསར་པར་འབད་འཐབ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་ཕུགས་འདུན་སྒྲུབ་པའི”བརྗོད་དོན་གཙོ་བོར་དམིགས་ཏེ། མང་ཚོགས་རང་བཞིན་གྱི་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སྤེལ་བ་དང་ཆེད་དོན་སྙན་ཞུའི་ཚོགས་འདུ་དང་། རིག་རྩལ་འཁྲབ་སྟོན། པར་རིས་འགྲེམས་སྟོན། དྲན་གསོའི་ཉིན་མོར་དྲན་གསོ། སྒྲོག་འགྲེལ་ཡན་ལག་རུ་ཁག་གཞི་རིམ་དུ་བསྐྱོད་པ་སོགས་ཀྱི་རྣམ་པར་བརྟེན་ནས། རྒྱལ་སྲུང་ཤེས་བྱ་ཁྱབ་གདལ་གཏོང་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་གྲུབ་འབྲས་དྲིལ་བསྒྲགས་བྱེད་པ། གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་ལས་རིགས་ཁག་རྒྱ་ཁྱབ་ངང་ཞུགས་རྒྱུའི་བསམ་པ་འགུགས་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།