སྙན་སྒྲོན་པ། ཉན་མཁན་རྣམ་པ། ཐེངས་འདིའི་ལེ་ཚན་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ《ཉི་དགའ་ཚང་གི་བདེ་སྐྱིད་འཚོ་བ》ཞེས་པ་དེ་གཏང་རྒྱུ།
གསར་འགོད་པས་ཉི་དགའ་བཟའ་ཟླ་གཉིས་ལ་བཅར་འདྲི་བྱེད་ཀྱིན་པ།
སྙན་སྒྲོན་པ། ཡུལ་ཤུལ་གྲོང་ཁྱེར་ཤར་ངོས་ནས་སྤྱི་ལེ་གཅིག་ཙམ་གྱི་སར་སོང་བ་ན། གྲལ་འགྲིག་པའི་ཁང་བརྩེགས་མང་པོ་ས་འགུལ་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་དང་འབྲེལ་ནས་ཀྲོང་ངེར་འགྲེང་བ་མིག་ལམ་དུ་མངོན་རྒྱུ་ཡོད་ཅིང་། དེ་ནི་ཡུལ་ཤུལ་གྲོང་ཁྱེར་གྱི་ཡུལ་གཞན་གནས་སྤོར་དབུལ་སྐྱོར་ལས་གཞིའི་ཐུན་མོང་གཏན་སྡོད་བྱེད་གནས་ཡིན་ལ། ཐེངས་འདིའི་བཅར་འདྲི་བྱེད་ཡུལ་ཉི་དགའ་ཚང་གིས་ཀྱང་གཞིས་ཁུལ་དེའི་ནང་ན་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱིན་ཡོད།
སྙན་སྒྲོན་པ། ང་ཚོ་གཞིས་ཁུལ་དོ་དམ་པ་སྒྲོལ་མའི་སྣེ་ཁྲིད་འོག་ཉི་དགའ་ཚང་གི་ཁྱིམ་དུ་སོང་བ་ཡིན། ཁང་པའི་སྒོ་ཕྱེ་མ་ཐག་ལམ་ལམ་བསྐྱིལ་བའི་ཚ་དྲོད་ཅིག་གདོང་ལ་མཆེད་འོང་བའི་མོད་ལ། ཁོ་ཚང་གི་ཁང་པའི་ནང་གི་སྒྲིག་བཟོ་དང་སྒྲིག་གཤོམ། གཙང་སྦྲ་བཅས་ཀྱི་ཚད་ཀྱིས་ང་ལ་དྭངས་གཙང་གི་བདེ་ཚོར་སྨྲ་མེད་པ་ཞིག་སྦྱིན་བྱུང་།
གསར་འགོད་པས་ཡུལ་ཤུལ་གྲོང་མི་རྡོ་རྗེ་ཚེ་རིང་ལ་བཅར་འདྲི་བྱེད་ཀྱིན་པ།
སྙན་སྒྲོན་པ། ཉི་དགའ་ཡིས་བཤད་རྒྱུར།“སྔོན་ཆད་འབྲོག་པ་ཡིན་དུས་ཆ་རྐྱེན་མི་བཟང་། ད་ལྟ་རྒྱལ་ཁབ་ཀྱིས་ཁང་པ་བྱིན་ནས། བྱིས་པར་སློབ་གྲྭ་སོགས་བསྐྲུན་ཏེ་འཚོ་བའི་ཕྱོགས་གང་ཅིའི་ཐད་ནས་གཟིགས་སྐྱོང་གང་ལེགས་གནང་བར་བརྟེན། ངའི་འཚོ་བ་ལའང་གོང་འཕེལ་ཆེན་པོ་བྱུང་ཡོད། རྒྱལ་ཁབ་ཀྱིས་ངེད་ཚང་ལ་བདག་སྐྱོང་གང་ལེགས་བྱས་ཡོད་ཟེར། ”
སྙན་སྒྲོན་པ། ཁ་བརྡའི་གོ་རིམ་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། ཉི་དགའ་བཟའ་མི་གང་བོ་གྲོང་ཁྱེར་འདིའི་ནང་ཉིས་སྟོང་བཅུ་གསུམ་ལོར་གནས་སྤར་རྗེས། རྒྱལ་ཁབ་ཀྱི་འཚོ་བའི་ཁ་གསབ་ཀྱི་རྨང་གཞིའི་སྟེང་དུ། ཉི་དགའ་ཡིས་ཞོར་ལས་རེ་བྱེད་ཞོར་ཚོང་ཆུང་ཆུང་བརྒྱབ་ནས་ཡོང་སྒོ་འཚོལ་གྱིན་ཡོད་ཅིང་། ཁོའི་ཆུང་མས་ཀྱང་བྱིས་པ་ཚོ་སློབ་གྲྭའི་ནང་ཡར་སྐྱེལ་མར་ལེན་བྱེད་ཞོར་ཁྱིམ་བདག་མ་ཞིག་གི་འགན་ཅི་ཡོད་ཕྲག་སྟེང་དུ་འཁུར་ཡོད།
གསར་འགོད་པས་ཡུལ་ཤུལ་གྲོང་ཁྱེར་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བསོད་ནམས་དབང་ཆེན་ལ་བཅར་འདྲི་བྱེད་ཀྱིན་པ།
སྙན་སྒྲོན་པ། ཉི་དགའ་ཡིས་མུ་མཐུད་དུ་བཤད་རྒྱུར།“སྔོན་ཆད་འབྲོག་ས་ན་ཡོད་དུས་ངེད་ཚང་གི་ལོ་གང་བོའི་ཡོང་འབབ་སྒོར་བརྒྱད་སྟོང་ལས་མེད། ངེད་ཚང་ལ་སྒོ་ཕྱུགས་མང་པོ་མེད་ལ། དེ་ལས་གཞན་པའི་སྒོར་མོའི་ཡོང་ཁུངས་ཀྱང་མེད། ད་ལྟ་འདི་རུ་རྒྱལ་ཁབ་ཀྱི་འཚོ་བའི་ཁ་གསབ་ཡོང་འབབ་ཁོ་ན་སྒོར་ཁྲི་གསུམ་ལས་བརྒལ་ཙམ་ཡོད། འཚོ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཟེར།”
སྙན་སྒྲོན་པ། ཁང་པའི་ཚོམས་ཆེན་གྱི་མདུན་ངོས་སུ་རླབས་ཆེན་གཙོ་འཛིན་རིམ་བྱུང་གི་སྐུ་པར་བཀལ་ཡོད་ཅིང་། སྐུ་པར་དེ་དག་གི་མདུན་ཐད་དུ་དེང་རབས་ཀྱི་ཁྱད་ཆོས་ཀྱིས་བརྒྱན་པའི་སྒྲོག་ཙེ་སྣེ་རིང་གཉིས་མཐུད་པའི་སྟེང་དུ་ཟས་རིགས་སྣ་ལྔས་སྡེར་ཁ་གྱ་ནོམ་པ་བསྒྲིགས་ཡོད་ཅིང་། ཁྱིམ་ཚང་འདིའི་ཟོལ་མེད་གཞུང་དྲང་གི་བྱ་སྤྱོད་དེས། སྨྲ་བ་ཅི་ཡང་མེད་པའི་བྱེད་ཐབས་སྤྱད་དེ་དུས་རབས་གསར་པ་དང་བདེ་སྐྱིད་ཀྱི་འཚོ་བར་བཅངས་པའི་དྲིན་ཚོར་དྲིན་གཟོ་ཡི་བསམ་པ་བཅོས་མ་མ་ཡིན་པ་དེ་ལྷག་ལུས་མེད་པར་བསྟན་ཡོད།
གསར་འགོད་པས་གཞིས་ཁུལ་དོ་དམ་པ་སྒྲོལ་མར་བཅར་འདྲི་བྱེད་ཀྱིན་པ།
སྙན་སྒྲོན་པ། ཉི་དགའི་ཆུང་མ་ཚེ་རིང་གཡང་འཛོམས་ཀྱིས་བཤད་རྒྱུར།“འབྲོག་ས་ན་ཡོད་དུས་དགུན་ཁ་བ་དང་དབྱར་ཆར་ཆུ། སྟོན་བ་མོ། དཔྱིད་ཁངས་ཆར་སོགས་ཀྱི་ནང་ནས་ཁོམ་ལོང་ཕྲན་ཙམ་ཡང་མེད་ཁར་ལས་ཚེགས་ཧ་ཅང་ལྕི། གྲོང་ཁྱེར་ནང་དུ་ཐོན་རྗེས་སྐྱིད་པོ་རེད། ཁང་པ་དྲོན་པོ་རེད། ཆ་རྐྱེན་ཇེ་བཟང་རེད། སྟབས་བདེ་མོ་རེད། འཚོ་བ་ཡག་གི རྒྱལ་ཁབ་ཀྱི་སྐུ་དྲིན་ནམ་ཡང་བརྗེད་ཐབས་མེད། འདི་རུ་གཙོ་བོ་བྱིས་པའི་མ་འོངས་པའི་མདུན་ལམ་བསམས་ནས་བསྡད་ཡོད་ཟེར།”
སྙན་སྒྲོན་པ། གསར་འགོད་པས་ཉི་དགའ་ལ་སྔོན་ཆད་ཀྱི་འཚོ་བའི་སྐོར་དྲིས་པ་ན། ཉི་དགའ་ཡིས་བཤད་རྒྱུར།“ད་ལྟ་ང་དངོས་གནས་སེམས་སྐྱིད་པོ་རེད། བག་ཕེབས་པོ་རེད། སོས་དལ་བོ་རེད། འགྲིམ་འགྲུལ་སྟབས་བདེ་བ་དང་བྱིས་པ་སློབ་གྲྭར་བསྐྱལ་ན་སྟབས་བདེ་བ། ཚོང་རྒྱབ་ན་སྟབས་བདེ་བཅས་ཡིན་པས། ད་ལྟ་འཚོ་བ་ཇེ་སྐྱིད་དུ་སོང་ནས་ངའང་སྔོན་ཆད་ཀྱི་འབྲོག་པ་ཕྱུགས་རྫི་ཞིག་ནས་གྲོང་ཁྱེར་གྱི་གྲོང་མི་ཞིག་ཏུ་གྱུར་ཡོད་པས། ངའི་སེམས་ཧ་ཅང་དགའ་གི ང་ལ་ངའོ་སྙམ་པའི་ང་རྒྱལ་ཡང་སྐྱེས་གི་ཟེར།”
གཞིས་ཁུལ་དོ་དམ་པའི་མཉམ་པར།
སྙན་སྒྲོན་པ། སྔོན་ཆད་ཀྱི་འབྲོག་སའི་སྦྲ་གུར་ནང་གི་འཚོ་བ་ནས་གྲོང་ཁྱེར་གྱི་ཐོག་ཁང་ཆེན་མོའི་ནང་གི་འཚོ་བའི་འཕོ་འགྱུར་དང་། སྔོན་ཆད་ཀྱི་རི་ཀྱོག་ལུང་གཟར་ནས་འཚོ་བ་རོལ་གྱིན་པའི་འབྲོག་དམངས་ཞིག་ནས་ད་ལྟའི་རྣམ་པ་གསར་པའི་གྲོང་ཁྱེར་གྱི་འཚོ་བ་ལོངས་སུ་སྤྱོད་ཀྱིན་པའི་གྲོང་མི་ཞིག་གི་ཧེ་བག་ནི་འཕུར་མཆོངས་ཐེངས་ཤིག་ཡིན་པར་མ་ཟད། དེ་ནི་འཚོ་བ་སྐྱེལ་སྟངས་ལ་རྩ་བའི་ཆ་ནས་འགྱུར་ལྡོག་བྱུང་བའི་འཕེལ་རྒྱས་ཤིག་ཀྱང་རེད།
སྙན་སྒྲོན་པ། གྲོང་ཁྱེར་གྱི་སྡོད་དམངས་འདི་དག་གི་མ་འོངས་པའི་ཡོང་སྒོ་འཕར་སྣོན་འབྱུང་ཐབས་སུ་ ཡུལ་ཤུལ་གྲོང་ཁྱེར་དབུལ་སྐྱོར་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བསོད་ནམས་དབང་ཆེན་ལ་བཅར་འདྲི་བྱས་པ་ན་ཁོས་བཤད་རྒྱུར།“གནས་སྤོར་ཁྱིམ་ཚང་དྲུག་བརྒྱ་ལྷག་གི་མ་འོངས་པའི་འཚོ་བར་འགན་ལེན་ཁག་ཐེག་བྱེད་ཆེད། ང་ཚོས་གཅིག་ནས་ཁོ་ཚོར་རྩལ་ནུས་གསོ་སྦྱོང་བྱེད་ཀྱིན་ཡོད་ཅིང་། གཉིས་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་བྱེད་ཀྱིན་ཡོད། གསུམ་ནས་ཐོན་ལས་གཞོགས་སྐྱོར་མ་དངུལ་བཀོལ་ནས་ཡོང་སྒོ་འཕར་སྣོན་བྱེད་ཀྱིན་ཡོད། བཞི་ནས་མགྲོན་ཁང་དང་ཟ་ཁང་སོགས་ཀྱི་ཞབས་ཞུ་དང་གཞིས་ཁུལ་དོ་དམ་པའི་ལས་གནས་བཀོད་སྒྲིག་བྱེད་ཀྱིན་ཡོད།”
དབུལ་སྐྱོར་གནས་སྤོར་གཞིས་ཁུལ།
སྙན་སྒྲོན་པ། གནས་སྤོར་སྡོད་དམངས་ཀྱི་གཞིས་ཁུལ་དང་ཁ་གྱེས་སྐབས་གསར་འགོད་པས་ཉི་འོད་ཀྱིས་ཉི་དགའ་མེ་ཏོག་བཞིན་ཕྱི་ནང་མེད་པར་རྨང་ནས་བྲན་པའི་ཉི་དགའ་བཟའ་ཚང་གང་བོའི་གདོང་གི་འཛུམ་མདངས་མཐོང་བྱུང་། ད་དུང་ཉི་འོད་ཀྱི་ཀློང་ན་གཉོམ་ལག་རྒྱས་ཀྱིན་པའི་ཁོ་ཚང་གི་བྱིས་པ་གསུམ་གའི་བདེ་སྐྱིད་ཀྱི་མདུན་ལྗོངས་མཐོང་བྱུང་།
གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ《ཉི་དགའ་ཚང་གི་བདེ་སྐྱིད་འཚོ་བ》ཞེས་པ་དེ་ཡིན།
དབུལ་སྐྱོར་གནས་སྤོར་གཞིས་ཁུལ།
གསར་འགོད་པ། བན་དེ་སྐྱབས།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།