ཁོར་ཡུག་གཙང་སྦྲ་བ་ཡེ་ཤེས་ཆོས་མཚོའི་མིག་ནང་གི་ཡུས་ཧྲུའུ་གསར་པའི་འགྱུར་ལྡོག
2020.04.09 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 1582

ཉན་མཁན་རྣམ་པ། ཐེངས་འདིའི་ལེ་ཚན་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ《ཁོར་ཡུག་གཙང་སྦྲ་བ་ཡེ་ཤེས་ཆོས་མཚོའི་མིག་ནང་གི་ཡུས་ཧྲུའུ་གསར་པའི་འགྱུར་ལྡོག》ཅེས་པ་དེ་གཏང་རྒྱུ།

ཡེ་ཤེས་ཆོས་མཚོ་ནི་ཡུས་ཧྲུའུ་ས་གནས་ཀྱི་འབྲོག་མོ་དཀྱུས་མ་ཞིག་ཡིན་ཞིང་། ཁོ་མོའི་ཁྱིམ་ཚང་གི་ཆ་རྐྱེན་ཞན་ལ་སྤུན་མིང་སྲིང་དྲུག་ཡོད་པའི་དབང་གིས་མོ་རང་སློབ་གྲྭར་འགྲིམ་སྐལ་མ་བྱུང་། ལོ་བཅོ་བརྒྱད་ལོན་པའི་ལོ་དེར་ཁོ་མོ་མོའི་ཨ་ནེ་ཚང་གི་བུ་རྫི་བྱེད་དུ་ཐོག་དང་པོར་ཡུས་ཧྲུའུ་གྲོང་ཁྱེར་ནང་དུ་ཐོན་པ་རེད། དེ་ནས་ཟླ་འགའ་འགོར་རྗེས་མོའི་ཨ་མས་མོ་ལ་ཁོར་ཡུག་གཙང་སྦྲ་བ་ཞིག་བྱས་ཀྱང་མི་ལེགས་པ་མེད་ཚུལ་ལབ་ནས་སྐུལ་མ་བཏང་བར་བརྟེན། དུས་དེ་ནས་བཟུང་ད་ལྟ་ལ་ཐུག་གི་བར་དུ་ཡུས་ཧྲུའུ་གྲོང་ཁྱེར་ནང་ནས་ཁོར་ཡུག་གཙང་སྦྲ་བའི་ལས་ཀ་གཉེར་ནས་ཏག་ཏག་ལོ་ཉི་ཤུ་འགོར། ཡེ་ཤེས་ཆོས་མཚོས་བཤད་རྒྱུར། ངའི་ཕ་ཡུལ་དཔལ་ཐང་རེད། ང་ལོ་བཅོ་བརྒྱད་ཀྱི་སྟེང་ནས་ཡུས་ཧྲུའུ་གྲོང་ཁྱེར་ནང་དུ་ཡོང་ནས་ཁོར་ཡུག་གཙང་སྦྲ་བའི་འགན་ཁུར་ནས་ད་ལྟ་ལ་ཐུག་གི་བར་དུ་མི་ལོ་ཉི་ཤུ་འདས་ཡོད། ཉིས་སྟོང་ལོར་ང་གྲོང་ཁྱེར་ནང་ཐོན་དུས་གྲོང་ཁྱེར་གྱི་གཙང་སྦྲ་མི་བཟང་གི ནངས་སྔ་མོ་དུས་ཚོད་གསུམ་ནས་བཞིའི་བར་ཡར་ལངས་ནས་སྲང་བར་གྱི་གད་སྙིགས་ཕྱགས་དགོས། དེ་དུས་ཁྱིམ་ཕྱགས་གང་སར་སྤུངས་ཡོད་ལ། ལོ་ངོ་དུ་མར་ཕྱིར་ཕོས་མི་མྱོང་བའི་གད་སྙིགས་སྤུངས་ཏོ་ཡོད་རེད།

གསར་འགོད་པས་ཡེ་ཤེས་ཆོས་མཚོར་བཅར་འདྲི་བྱེད་ཀྱིན་པ། 

ཁ་བརྡའི་གོ་རིམ་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། སྔོན་ཆད་ལས་ཚེགས་ལྕི་བའི་དབང་གིས་ཁོ་མོའི་ལག་པ་ཐེངས་དུ་མར་བཀད་ནས་སེར་ཀ་གས་པར་མ་ཟད། སེར་ཀ་དེ་དག་གི་ནང་ནས་རྣག་ཁྲག་བཞུར་ནས་ལག་པར་ལྟ་མི་ཐུབ་པའི་ཚད་དུ་སླེབས། དེ་དུས་ས་འོག་ཆུ་ལམ་ནང་གི་གད་སྙིགས་ཀྱང་རང་གི་ལག་པས་བརྐོས་ནས་འཕོ་དགོས་ཤིང་། དེང་སྐབས་ཀྱི་འདི་འདྲའི་འཕྲུལ་ཆས་སོགས་ཅི་ཡང་མེད། ལན་རེར་ལས་ཀའི་དཀའ་སྡུག་ཆེན་པོ་དེ་འདྲ་མ་ཐེག་པར་མིག་ཆུ་བཞུར་བ་ཐེངས་གཅིག་ག་ལ་ཡིན།

ཡེ་ཤེས་ཆོས་མཚོས་མུ་མཐུད་དུ་བཤད་རྒྱུར། དེང་སྐབས་གད་སྙིགས་དང་སིལ་ཏོག་གི་ཤུན་པགས་སོ་སོར་དགར་ནས་འཕེན་སྣོད་ཡོད་ཅིང་། ལམ་བར་ནས་མི་ཞིག་གིས་གད་སྙིགས་གང་སར་འཕེན་གྱིན་པ་མཐོང་ན། དེ་འཕྲལ་ཁྱོད་ཀྱིས་གད་སྙིགས་ཆེད་སྤྱོད་སྒམ་ནང་དུ་འཕེན་རོགས་ཞེས་སྐུལ་བ་ཡིན་ན། ཕ་རོལ་པས་ཀྱང་ཡ་ཡ་གོ་སོང་ཞེས་ལན་སྟེར་གི སྔོན་ཆད་ཡིན་ན་ཁ་ཡ་ཁྱོན་ནས་མི་བྱེད་པར་མ་ཟད། ད་དུང་བསམ་གཟས་ནས་ཁྱིམ་ཕྱགས་སར་འཕོས་ནས་འཆའ་དགོད་སྟེག་གི་རེད། གྲོང་མིའི་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ལ་འགྱུར་བ་ཆེན་པོ་བྱུང་ཡོད།

གསར་འགོད་པས་ཡུས་ཧྲུའུ་གྲོང་ཁྱེར་གྱི་གྲོང་མི་ཞིག་གི་གམ་ནས་གནས་ཚུལ་རྒྱུས་ལོན་བྱེད་ཀྱིན་པ། 

སྔོན་ཆད་ཕྱགས་མ་དང་ལག་ཤུབས་ཉོ་སྤྱད་ལ་སྒོར་བཅུ་ལས་མེད་པའི་ཁར། ཟླ་ཕོགས་ཀྱང་ཟླ་རེར་སྒོར་སུམ་བརྒྱ་ལས་མེད་པས། མི་སྒེར་ལ་ལག་ཤུབས་ཉོ་སྤྱད་ཀྱི་དངུལ་ཡང་དཀོན་པར་བརྟེན། ཁོ་མོས་དཀའ་སྡུག་ཚད་མེད་མྱངས། ཡེ་ཤེས་ཆོས་མཚོས་བཤད་རྒྱུར།ཉིས་སྟོང་ལོར་ང་ཐོག་དང་པོར་ཁོར་ཡུག་གཙང་སྦྲ་བ་ཞིག་བྱེད་སྐབས། གཅིག་ནས་ལོ་ཆུང་བའི་དབང་གིས་གད་སྙིགས་ཕྱགས་མཁན་ཞིག་ཏུ་གྱུར་ན་ངོ་ཅུང་ཚ་བ་དང་། གཉིས་ནས་སྡེ་བའི་ནང་གི་མི་རྣམས་ཀྱིས་ཀྱང་ལྟ་སྟངས་ཅུང་མི་ལེགས་པ་ཞིག་འཛིན་གྱིན་འདུག་ནའང་། ད་ལྟ་ང་རང་ངོ་གནོང་རྒྱུ་ཕར་ཞོག  ཁོར་ཡུག་གཙང་སྦྲ་བ་ཞིག་བྱེད་ཐུབ་པ་ནི་རང་གི་གཟི་བརྗིད་ཅིག་དང་ང་རྒྱལ་ཅིག་ཏུ་རློམ་ཡོད།

གསར་འགོད་པས་ཡུས་ཧྲུའུ་གྲོང་ཁྱེར་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཐུབ་བསྟན་འཆི་མེད་ལ་བཅར་འདྲི་བྱེད་ཀྱིན་པ། 

སྔོན་ཆད་ཁོ་མོ་ངུ་ཞོར་ཁོར་ཡུག་གཙང་སྦྲ་བྱས་པ་ཡིན་ལ། ད་ལྟ་ཁོ་མོ་བགད་ནས་ཁོར་ཡུག་གཙང་སྦྲ་བྱེད་ཀྱིན་ཡོད། སྔོན་ཆད་ཟླ་རེར་ཕྱགས་མ་བཞི་ཡིས་མི་འདང་བ་དང་། དེང་སྐབས་ཟླ་རེར་ཕྱགས་མ་གཅིག་གིས་འདང་གི་ཡོད། དེང་སྐབས་སྔོན་ཆད་ནང་བཞིན་གོན་པ་སྔ་དྲོ་དང་ཕྱི་དྲོ་གཉིས་ལ་ཐེངས་རེར་བརྗེ་མི་དགོས། སྔོན་ཆད་ཁོར་ཡུག་མི་གཙང་བ་དང་ལས་ཚེགས་ལྕི་བའི་དབང་གིས། སྔ་དྲོའི་གོན་པ་ནག་ནོག་གིས་བསྒོས་ཏེ་ཕྱི་དྲོར་གོན་ཐབས་མེད་ནའང་། དེང་སྐབས་ཁོ་མོར་གོན་པ་གྲལ་དག་གྱོན་ནས་རང་གི་སྣང་བརྙན་ལ་བདག་བྱེད་ཁོམ་ཡང་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་གསར་པའི་མཛེས་ཉམས། 

ཡུས་ཧྲུའུ་གྲོང་ཁྱེར་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཐུབ་བསྟན་འཆི་མེད་ཀྱིས་བཤད་རྒྱུར།“ད་ལྟ་ང་ཚོ་ཡུས་ཧྲུའུ་གྲོང་ཁྱེར་འདི་ལ་ས་འགུལ་བྱུང་ནས་ལོ་བཅུ་འགོར་བ་རེད། ལོ་བཅུའི་རིང་གི་ཡུས་ཧྲུའུ་གསར་པའི་གཙང་སྦྲ་དང་བདག་དམ་གྱི་ལས་ཀ་ནི་དཀའ་ཚེགས་ཆེ་བ་ཞིག་རེད། དེང་སྐབས་ཡུས་ཧྲུའུ་གྲོང་ཁྱེར་ལ་ཁོར་ཡུག་གཙང་སྦྲ་བ་དྲུག་བརྒྱ་གྱ་བདུན་ཡོད།”

གྲོགས་པོ་ལགས། གལ་ཏེ་ཁྱེད་རང་ཡུས་ཧྲུའུ་གྲོང་ཁྱེར་དུ་འགྲོ་ན། རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་ན། གནའ་བོའི་ཤེས་རིག་དང་དེང་རབས་རིག་གནས་ཀྱི་ཆ་ལག་ཡོངས་སུ་རྫོགས་པའི་ཡུས་ཧྲུའུ་གྲོང་ཁྱེར་གསར་པའི་སྣང་བརྙན་གྱིས། ཁྱེད་ལ་ཡུལ་ཕྱོགས་གང་ལའང་སྨོན་མི་དགོས་པའི། དག་ཞིང་ལྟ་བུའི་མྱོང་སྣང་ཟབ་མོ་ཞིག་སྟེར་ངེས་པར་མ་ཟད། མཐོང་ན་ཉམས་དགའ་ཞིང་སོང་ན་བག་ཕེབས་པའི་ཕྱིའི་ཁོར་ཡུག་གིས། ས་མཐོའི་གྲོང་ཁྱེར་ཅིག་ལ་ཡོད་འོས་པའི་དག་གཙང་གི་ཁམས་དྭངས་མོ་ཞིག་སྦྱིན་པ་གདོན་མི་ཟ་ཞིང་། དེ་དུས་ཁྱེད་ཀྱིས་ལོངས་སྤྱོད་འདི་དག་གི་རྒྱབ་ལོགས་ན། ཁོར་ཡུག་གཙང་སྦྲ་བ་ཡེ་ཤེས་ཆོས་མཚོ་ལྟ་བུའི་མི་མང་པོ་ཞིག་གིས་སྨྲ་བ་ཅི་ཡང་མེད་པའི་སྒོ་ནས་ཡུས་ཧྲུའུ་གྲོང་ཁྱེར་གསར་པའི་སྣང་བརྙན་གསོ་ཆེད། རང་ནུས་ཡོད་རྒུ་བཏོན་ནས་བྱས་རྗེས་བཞག་དང་འཇོག་གིན་པ་མ་བརྗེད་པ་གྱིས་ཤིག

ཡུས་ཧྲུའུ་གྲོང་ཁྱེར་གསར་པའི་མཛེས་ཉམས། 

གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ《ཁོར་ཡུག་གཙང་སྦྲ་བ་ཡེ་ཤེས་ཆོས་མཚོའི་མིག་ནང་གི་ཡུས་ཧྲུའུ་གསར་པའི་འགྱུར་ལྡོག》ཅེས་པ་དེ་ཡིན།

གསར་འགོད་པ། བན་དེ་སྐྱབས།

རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།