གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་ཡུལ་དངོས།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཟླ་བཞི་བའི་ཚེས་བཅུ་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུའུ་ཡིས་ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་ངོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཡོམ་འགོག་གནོད་སེལ་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། མཚོ་སྔོན་ཞིང་ཆེན་ས་ཡོམ་ཅུའུ་ཡི་ཏང་ཙུའི་ཧྲུའུ་ཅི། ཅུའུ་ཀྲང་དབྱང་ལི་མེན་གྱིས་སྒྲོག་སྤེལ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཡོན་ཝེ་ཡིས་སྒྲོག་སྤེལ་ཚོགས་འདུར་མགོ་འཛིན་བྱས།
ཉིས་སྟོང་བཅུ་ལོའི་ཟླ་བཞི་བའི་ཚེས་བཅུ་བཞིའི་ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ས་ཁུལ་དུ་ཚད་རིམ་བདུན་དང་གྲངས་ཆུང་གཅིག་གི་ས་ཡོམ་བྱུང་སྟེ། མི་སྣར་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུད་ཚབས་ཆེན་བཟོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་མགོ་ཁྲིད་བརྟན་པོའི་འོག རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། སྤྱི་ཚོགས་ལས་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ། ཡུས་ཧྲུའུ་བསྐྱར་འཛུགས་སོགས་ཀྱི་ཁྲོད་དུ་ཡུས་ཧྲུའུ་མི་དམངས་ཀྱི་སེམས་ཤུགས་ཉམས་པ་མེད་པའི་གཟི་བརྗིད་ཀྱི་གྲུབ་འབྲས་རབ་དང་རིམ་པ་བླངས་ཡོད། ཡུས་ཧྲུའུ་ས་ཡོམ་བྱུང་ནས་ལོ་ངོ་བཅུ་འགོར་བའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཀྲུང་གོའི་ས་ཡོམ་ཅུའུ་བཅས་ཀྱི་མགོ་ཁྲིད་འོག་ཏུ། མཚོ་སྔོན་ཞིང་ཆེན་གྱི་ཡོམ་འགོག་གནོད་སེལ་ལས་དོན་ལ་འཕེལ་རྒྱས་མགྱོགས་པོ་བྱུང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་ཚེ་སྲོག་གི་བདེ་འཇགས་བཅས་ཀྱི་ཐད་དུ་ས་འགུལ་བདེ་འཇགས་ཀྱི་འགན་སྲུང་སྟོབས་དང་ལྡན་པ་འདོན་སྤྲོད་བྱས་ཡོད།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་ས་ཡོམ་ཅུའུ་ཡིས་མཉམ་དུ་མཚོ་སྔོན་ཞིང་ཆེན་ཡོམ་འགོག་གནོད་སེལ་ཕྱོགས་བསྡུས་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་མཉམ་ལས་གྲོས་མཐུན་བཀོད་པ་དང་། མཚོ་སྔོན་ཞིང་ཆེན་ཡོམ་འགོག་གནོད་སེལ་སྲོལ་ཡིག་སོགས་བཅའ་ཁྲིམས་སྒྲིག་སྲོལ་བཞི་ཁྱབ་སྒྲོག་བྱས་ཏེ། ཡོམ་འགོག་གནོད་སེལ་གྱི་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཡོམ་ལྟ་རྟོག་ཚད་འཇལ་ནུས་པ་སྔོན་ཆད་ཀྱི་རིམ་པ་བཞི་བ་ནས་རིམ་པ་གསུམ་པར་འཕར་བ་དང་། ཟི་ལིང་གྲོང་ཁྱེར་དང་ཉེ་འཁོར་ས་ཁུལ་སྔོན་ཆད་ཀྱི་རིམ་པ་གཉིས་དང་གྲངས་ཆུང་ལྔ་ནས་རིམ་པ་གཅིག་དང་གྲངས་ཆུང་ལྔར་འཕར་ནས། ས་ཡོམ་བྱུང་རྗེས་ཀྱི་འཕེལ་ཕྱོགས་ཐད་ཡང་དག་པའི་བརྡར་གཅོད་ཐུབ་པ་སོགས་ཡོམ་འགོག་གནོད་སེལ་གྱི་བྱེད་སྒོའི་ཆུ་ཚད་སྔར་ལས་ཇེ་མཐོང་སོང་ཡོད། རོང་འབྲོག་ཕྱོགས་སྡོད་སའི་ས་ཡོམ་གྱི་བདེ་འཇགས་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། དུས་སྐབས་གཙོ་བོ་དང་བྱ་འགུལ་གཙོ་བོའི་སྐབས་ཀྱི་ས་ཡོམ་བདེ་སྲུང་བྱ་བ་བཟང་བོར་བསྒྲུབས་པ། ཕྱོགས་སོ་སོ་ནས་ས་ཡོམ་བརྡ་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་པ། བོད་རྒྱ་སྐད་གཉིས་ཀྱི་ཚན་རིག་ཁྱབ་གདལ་ཀློག་དེབ་དང་ས་ཡོམ་གྱི་ཚད་གཞི་གསར་གཏོད་བྱས་པ་དང་། རྣམ་པ་སྣ་ཚོགས་པའི་ཡོམ་འགོག་གནོད་སེལ་གྱི་ཚན་རྩལ་དྲིལ་སྒྲོག་བྱ་བ་སྤེལ་ཏེ། ཡོམ་འགོག་གནོད་སེལ་གྱི་སྤྱི་བའི་ཞབས་ཞུའི་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་ཡོད།
དབྱང་ལི་མེན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་ཡོམ་ཁོངས་གཏོགས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་སྒྲུབ་དོ་དམ་དང་གནོད་འགོག་གནོད་སེལ། རང་བྱུང་གནོད་འཚེའི་འགོག་བཅོས་ཐད་ཀྱི་དགོངས་དོན་གལ་ཆེན་ལག་ལེན་དངོས་འབེབ་བྱེད་པ་དང་། ཤུགས་ཆེན་པོས་དུས་རབས་གསར་བའི་ཡོམ་འགོག་གནོད་སེལ་ལས་དོན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། རྒྱུན་ཆད་མེད་པར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡོམ་འགོག་གནོད་སེལ་གྱི་ཕྱོགས་བསྡུས་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་འགན་སྲུང་བྱེད་རྒྱུ་ཡིན་ཟེར།
གསར་འགོད་པ། བསོད་ནམས་ཚེ་རིང་།