མཚོ་སྔོན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པར་མུ་མཐུད་དུ་ཤུགས་བསྣན།
2020.04.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་བཞི་བའི་ཚེས་བརྒྱད་ཉིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལས་དོན་ཇུས་གཞི་ཞེས་པ་སྤེལ་ནས། ཇུས་གཞིའི་ནང་ས་མཐོའི་ཁྱད་ལྡན་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་འཕེལ་རྒྱས་གཏོང་བ་དང་། འབྲི་གཡག་དང་བོད་ལུག་གི་ཐོན་ཁུངས་རྒྱུན་མཐུད་ཐུབ་པའི་བཟོ་སྐྲུན་འཛུགས་པ། ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ལྡན་མིང་གྲགས་ཐོན་རྫས་ཤུགས་ཆེན་པོའི་ངང་ནས་སྤེལ་བ་སོགས་གསར་གཏོད་ཀྱི་ལས་འགན་ཆེན་པོ་དྲུག་ལ་ཁྱད་དུ་དམིགས་ཏེ། གནད་འཁེལ་ཇུས་འདོན་དང་རྒྱུན་མཐུད་ཤུགས་འདོན། ཞིབ་ཕྲའི་ལས་དོན་ཁག་ཉེར་བཞི་ཞིབ་ཚགས་དང་ཁ་གསལ་བཟོ་བ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་གཞི་ཁྱོན་སྔར་ལས་ཆེ་རུ་བསྐྱེད་པ་བཅས་བྱས་ནས། སྐྱེ་ཁམས་མཚོ་སྔོན་དང་ལྗང་མདོག་ཞིང་ཕྱུགས་ལས་རིགས་ཀྱི་མིང་གྲགས་ཐོན་རྫས་བསྐྲུན་རྒྱུའི་བརྗོད་གཞི་གཙོ་བོ་དམ་འཛིན་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་ཐོན་ལས་གླིང་གཅིག་གསར་འཛུགས་བྱ་རྒྱུ་བརྩོན་ལེན་བྱས་ནས། ལྗང་མདོག་ཟས་རིགས་དང་སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་ཀྱི་དོད་རྟགས་སུ་འགྱུར་ཐུབ་པའི་ཞིང་ལས་ཐོན་རྫས་བཅས་ལྔ་བཅུའི་ཡན་བསྐྲུན་རྒྱུ་ལས་གཞན། ལྗང་མདོག་ཟས་རིགས་ཀྱི་མ་བཅོས་རྒྱུ་ཆ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་དང་རྒྱལ་ཁབ་སྐྱེ་ལྡན་ཞིང་ལས་ཐོན་སྐྱེད་རྟེན་གཞི་གཅིག་ནས་གཉིས་བཅས་གསར་འཛུགས་བྱ་རྒྱུ་རེད། དེ་ལས་གཞན་ཞིང་ཆེན་རིམ་པའི་ཞིང་ཕྱུགས་ཐོན་ལས་ཅན་གྱི་མཉམ་གནས་རྟེན་གཞི་བཅུ་གསར་འཛུགས་བྱེད་རྒྱུ་རེད། དེའི་ཁར་མཚོ་སྔོན་གྱི་མིང་གྲགས་ཞིང་ཕྱུགས་ཐོན་རྫས་བཅོ་ལྔའི་ཡན་བསྐྲུན་པར་གཞོགས་འདེགས་བྱས་ནས། འབྲི་གཡག་དང་བོད་ལུག་གི་ཐོན་ཁུངས་རྒྱུན་མཐུད་ཐུབ་པའི་བཟོ་སྐྲུན་གྱིས་ཡོད་ཚད་ཁེབས་ཐུབ་པ་མངོན་འགྱུར་བྱ་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།