ཉན་མཁན་རྣམ་པ། ཐེངས་འདིའི་ལེ་ཚན་ནང་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ《མའེ་ཐོན་ཟས་རིགས་སྡེབ་སྐྱེལ་བ་ཚེ་རིང་བསམ་འགྲུབ་དང་ཡུས་ཧྲུའུ་གསར་པ།》ཞེས་པ་དེ་གཏང་རྒྱུ།
ཡུས་ཧྲུའུ་གྲོང་ཁྱེར་གྱི་མའེ་ཐོན་ཕྱིར་འཚོང་ནི་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་དངོས་སུ་བཙུགས་པ་ནས་ད་བར་ལོ་གཅིག་འགོར་ཡོད། འདས་ཟིན་པའི་ལོ་གཅིག་ནང་ཟས་རིགས་སྡེབ་སྐྱེལ་ཀུང་ཟི་འདི་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས། ས་གནས་ཀྱི་མི་མང་པོར་ལས་ཞུགས་ལས་གནས་མཁོ་འདོན་དང་འཚོ་བར་སྟབས་བདེ་བསྐྲུན་པས། ས་གནས་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་གདེང་འཇོག་ཆེན་པོ་ཐོབ། ཡུས་ཧྲུའུ་མའེ་ཐོན་ཕྱིར་འཚོང་ཀུང་ཟིའི་འགན་འཛིན་པ་ཝེ་ཆང་གིས་བཤད་རྒྱུར།“ཡུས་ཧྲུའུ་མའེ་ཐོན་ཕྱིར་འཚོང་ཀུང་ཟི་འདི་ཉིད་ན་ནིང་གི་ཟླ་གསུམ་པའི་ནང་དངོས་སུ་བཙུགས་ནས་ད་ལྟའི་བར་ལོ་གཅིག་འགོར། ད་ལྟ་ཟས་རིགས་སྐྱེལ་མཁན་ལྔ་བཅུ་དང་དོ་དམ་པ་ལྔ་ཡོད།”
བསམ་འགྲུབ་ཚེ་རིང་ནི་ཡུས་ཧྲུའུ་ས་གནས་ཀྱི་མི་ཡིན་ཞིང་། ས་འགུལ་མ་བྱུང་བའི་སྔོན་ལ་ཁོ་རང་ཡུས་ཧྲུའུ་ཡི་འབྲོག་ཕྲུག་ཅིག་ཡིན་ནའང་། ད་ཆ་ཡུས་ཧྲུའུ་གྲོང་ཁྱེར་ནང་གི་མའེ་ཐོན་ཟས་རིགས་སྡེབ་སྐྱེལ་བ་ཞིག་ཡིན་པར་མ་ཟད། ཁྱིམ་ཆུང་མའང་གྲོང་ཁྱེར་འདིའི་ནང་ན་ཡོད་པས། ཁོ་རང་གྲོང་ཁྱེར་བ་ངོ་མ་ཞིག་རེད་ཅེས་བཤད་ཀྱང་མི་ཆོག་པ་མེད། ཚེ་རིང་བསམ་འགྲུབ་ཀྱིས་བཤད་རྒྱུར། “སྔོན་ཆད་ང་རང་འབྲོག་པ་རེད། ཡུས་ཧྲུའུ་ལ་ས་འགུལ་རྒྱུགས་རྗེས་འཛུགས་སྐྲུན་རྒྱ་ཆེན་པོ་བྱས་པའི་འགྲོས་དང་བསྟུན་ནས། ངའི་སེམས་ལ་གྲོང་ཁྱེར་ནང་དུ་སོང་ནས་ལས་ཀ་བཙལ་ན་འཕེལ་རྒྱས་བྱུང་ཚད་མགྱོགས་རྒྱུ་རེད་འདོད་དེ་གྲོང་ཁྱེར་ནང་དུ་ཡོང་བ་ཡིན། ”
སྔོན་ཆད་ཚེ་རིང་བསམ་འགྲུབ་ཀྱིས་ལས་ཀ་ཡག་པོ་ཞིག་མ་རེག་པའི་དབང་གིས། ཨར་ལས་རྒྱག་ས་ཞིག་ནས་ཞོར་ལས་བྱས་ཏེ། ཉིན་རེར་གླ་ཕོགས་སྒོར་ཉིས་བརྒྱ་རེ་ལོན་ནའང་། ལས་ཚེགས་ཧ་ཅང་ལྕི་ལ་ཟླ་ཕོགས་ལག་ཐོག་ལག་ཐོག་ནས་སྟེར་མ་ཐུབ་པའི་དཀའ་ངལ་ཐེངས་དུ་མར་འཕྲད་ཀྱང་། ད་ལྟ་མའེ་ཐོན་གྱི་ལས་ཀ་འདི་རེག་པས། གཅིག་ནས་ཟླ་ཕོགས་དུས་ལྟར་ཆད་མེད་དུ་སྟེར་ཐུབ་ལ། གཉིས་ནས་སྔོན་ཆད་ནང་བཞིན་དངོས་པོ་ལྕི་མོའི་རིགས་ཡར་འགྱོག་མར་འཕེན་བྱེད་མི་དགོས་པར་བརྟེན། ལུས་ཤུགས་ཀྱང་དེ་འདྲ་བཀོལ་མི་དགོས།
ཚེ་རིང་བསམ་འགྲུབ་ཀྱིས་མུ་མཐུད་དུ་བཤད་རྒྱུར།“གྲོང་ཁྱེར་ནང་དུ་ཐོན་ནས་མའེ་ཐོན་གྱི་ལས་ཀ་འདི་གཉེར་བ་ཡིན་ན། གླ་ཆ་ཆེན་པོ་རེད། ཟླ་རེར་གླ་ཕོགས་སྒོར་ལྔ་སྟོང་ནས་དྲུག་སྟོང་བར་རེད། ”
ད་ལྟ་ཚེ་རིང་བསམ་འགྲུབ་བཟའ་ཟླ་གཉིས་ཀས་ཡུས་ཧྲུའུ་གྲོང་ཁྱེར་གསར་པའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས། རང་ནུས་ཡོད་རྒུས་ཡོང་སྒོ་བཙལ་ཏེ་མ་འོངས་པའི་ཁྱིམ་གཞི་དྲོན་མོ་བསྐྲུན་པར་འབད་འབུངས་བྱེད་ཀྱིན་ཡོད། སྔོན་ཆད་ཀྱི་འབྲོག་ཕྲུག་ཅིག་ནས་གྲོང་ཁྱེར་གྱི་ཞོར་ལས་པ་ཞིག་ཏུ་གྱུར་བའི་གོ་རིམ་ནི་འཕེལ་རྒྱས་ཤིག་དང་། ཡུས་ཧྲུའུ་གསར་པའི་འགྱུར་ལྡོག་སྟོན་ཐུབ་པའི་དཔེ་གཞི་གསོན་པོ་ཞིག་ཀྱང་ཅིས་མིན།
ཡུས་ཧྲུའུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཁྲིན་ཡུང་གིས་བཤད་རྒྱུར།“ང་ཚོས་ཡུས་ཧྲུའུ་མའེ་ཐོན་ཕྱིར་འཚོང་གི་དོ་དམ་དང་འཁོར་རྒྱུག ལྟ་སྐུལ་དོ་དམ་བཅས་ཀྱི་ཐད་འགན་སྲུང་སྟོབས་དང་ལྡན་པ་ཞིག་འདོན་སྤྲོད་བྱས་ཡོད། ”
གོང་དུ་ཚང་མས་ཉན་པ་ནི་རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་བན་དེ་སྐྱབས་ཀྱིས་སྒྲ་བླངས་ནས་བཀོད་པའི་གནས་ཚུལ་ཆེད་རྩོམ་སྟེ། ཁ་ཡིག་ལ《མའེ་ཐོན་ཟས་རིགས་སྡེབ་སྐྱེལ་བ་ཚེ་རིང་བསམ་འགྲུབ་དང་ཡུས་ཧྲུའུ་གསར་པ།》ཞེས་པ་དེ་ཡིན།
གསར་འགོད་པ། བན་དེ་སྐྱབས།
རྩོམ་སྒྲིག་འགན་འཁུར་བ། ཕྱུག་ལོ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།