ཟླ་བཞི་བའི་ཚེས་བཅུ་དྲུག་ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་ད་ལོའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་བར་དམིགས་ནས་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁོངས་ལྗང་བསྒྱུར་དང་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་སོགས་དང་ཟུང་འབྲེལ་བྱས་ཏེ། ལྗང་མདོག་གི་སྤྱིའི་གྲངས་ཀ་རྒྱུན་མ་ཆད་པར་ཇེ་མང་དུ་གཏོང་བ་དང་། ལོ་ཧྲིལ་བོའི་ནང་སྤུས་ཚད་མཐོན་པོས་འོས་འགན་སྡོང་འཛུགས་ཀྱི་སྡོང་བོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གི་དམིགས་འབེན་ཡོངས་འགྲུབ་བྱེད་རྒྱུ་ཐག་བཅད།
མཚོ་ནུབ་ཁུལ་གྱིས་བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱས་ནས་གྲུབ་འབྲས་མངོན་གསལ་བླངས། ན་ནིང་། མཚོ་ནུབ་ཁུལ་གྱིས་སྐྱེ་ཁམས་སླར་གསོ་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱས་པ་དང་། ཆི་ལེན་རི་བོ་ས་ཁུལ་གྱི་རི་ཆུ་ནགས་གསུམ་དང་ཞིང་ས། རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་དང་སླར་གསོའི་ཚོད་ལྟའི་ལས་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ལ། གཞི་ཁྱོན་ཆེན་པོས་རྒྱལ་ཁོངས་ལྗང་བསྒྱུར་འགུལ་སྐྱོད་སྤེལ་ནས། རྒྱལ་ཁོངས་སྤྱི་ཆིངས་ཁྲི་བཞི་དང་སྟོང་དགུ་དགུ་བརྒྱ་ལྗང་བསྒྱུར་བྱས་པ་དང་། ལོ་གསུམ་ནང་བསྡོམས་པས་ས་ཁྱོན་སྤྱི་ཆིངས་འབུམ་གཅིག་ཁྲི་གཉིས་ཉིས་བརྒྱ་ལྗང་བསྒྱུར་བྱས་པ། ལོ་ཧྲིལ་བོའི་དམིགས་འབེན་དང་ལོ་གསུམ་འགུལ་སྐྱོད་ཀྱི་འཆར་གཞི་ལས་འགན་ཡོངས་འགྲུབ་བྱས།
ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཚུན་དུ། མཚོ་ནུབ་ཁུལ་གྱིས་ནགས་ཚལ་སྤྱི་ཆིངས་ཁྲི་གཉིས་དང་སྟོང་གསུམ་ལྔ་བརྒྱ་བསྐྲུན་པ་དང་། ཉམས་ཞན་དུ་འགྱུར་བཞིན་པའི་རྩྭ་ས་སྤྱི་ཆིངས་ཁྲི་བདུན་དང་སྟོང་ལྔ་སུམ་བརྒྱར་བཅོས་སྐྱོང་བྱས་ལ། བྱེ་འགྱུར་ས་ཞིང་སྤྱི་ཆིངས་འབུམ་གཅིག་དང་ཁྲི་བརྒྱད་སྟོང་བརྒྱད་བཅོས་སྐྱོང་བྱས་ནས། ནགས་ཚལ་དང་སྔོ་ཁེབས་ཀྱི་ཁེབས་ཚད་མངོན་གསལ་སྒོས་ཇེ་ཆེར་སོང་བ་དང་། བྱེ་འགྱུར་ས་ཞིང་དང་ས་རྒོད་དུ་གྱུར་བའི་ས་ཞིང་གི་རྒྱ་ཁྱོན་ཇེ་ཆུང་དུ་སོང་ལ། ཚྭ་འདམ་གཞོང་གི་བྱེ་འགོག་ལྗང་མདོག་ལྕགས་རི་འཛུགས་སྐྲུན་གྱི་ཐོག་དབྱིབས་གྲུབ་པར་བྱས།
ད་ལོ་ནི་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་མཇུག་བསྡུ་བའི་ལོ་ཡིན་ལ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པའི་ཁྲོད་འདྲེས་པར་བྱེད་པ། རྒྱལ་ཁོངས་ལྗང་བསྒྱུར་སྤུས་ཚད་མཐོན་པོས་སྤེལ་བའི་གནད་འགག་གི་ལོ་ཡང་ཡིན་པས། མཚོ་ནུབ་ཁུལ་གྱིས་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་བ་དང་། ཚྭ་འདམ་གཞོང་གི་ཁྱད་དུ་འཕགས་པའི་སྐྱེ་ཁམས་གོ་གནས་སྲ་བརྟན་དང་མཐོར་འདེགས་གཏོང་བར་དམིགས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བརྟན་བརླིང་ངང་སྤེལ་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཤུགས་བསྣན་ནས། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་ཐད་སྐྱེ་ཁམས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་རྒྱུ་རེད།