མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཞིང་ལས་མཁོ་རྫས་ཚོང་རའི་ཚོང་གཉེར་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་། ཞིང་ལས་མཁོ་རྫས་རྫུན་མ་བཙོང་བའི་ཚོང་གཉེར་སྤྱོད་ཚུལ་ལ་རྡུང་རྡེག་ནན་མོ་བྱེད་པ། ལུད་རྫས་རྫུན་མ་ཚོང་རར་སྐྱོད་པར་བཀག་འགོག་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་དཔྱིད་དུས་རྨོ་འདེབས་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་བཅས་བྱེད་ཆེད། ཉེ་ལམ། གུང་ཧོ་རྫོང་གིས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་ཞིང་ལས་མཁོ་རྫས་རྫུན་མ་བཙོང་བར་རྡུང་རྡེག་བྱས་ནས་དཔྱིད་འདེབས་ལ་འགན་སྲུང་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ།
གུང་ཧོ་རྫོང་ཚོང་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་ཡོངས་ཀྱི་ཞིང་ལས་མཁོ་རྫས་ཚོང་གཉེར་སྡེ་ཁག་ལ་གཙང་བཤེར་བྱས་པར་མ་ཟད། ལུད་རྫས་དང་ཞིང་ལས་འཕྲུལ་ཆས། ལྷུ་ལག་སོགས་ཚོང་རྫས་གཙོར་བཟུང་ནས་ཞིབ་བཤེར་བྱས་པ་དང་། ཞིང་ལས་མཁོ་རྫས་ཐོན་རྫས་ཀྱི་ཚོང་རྟགས་རྫུན་མ་དང་བཟོ་གྲྭ་དང་བཟོ་གྲྭའི་ས་གནས་རྫུན་མ་བཀོལ་བ། ཚོང་གཉེར་འཛིན་ཡིག་མེད་པའི་ཁྲིམས་འགལ་སྤྱོད་ཚུལ་སོགས་ལ་ཞིབ་བཤེར་དང་རྩད་གཅོད་ནན་མོ་བྱས། དེ་དང་མཉམ་དུ། ཞིང་ལས་མཁོ་རྫས་འཚོང་བའི་ཚོང་བ་དང་རོང་འབྲོག་མང་ཚོགས་ལ་ཞིང་ལས་མཁོ་རྫས་བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ཐད་ཀྱི་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱས་ནས། ཁོ་ཚོས་འགོག་སྲུང་འདུ་ཤེས་ཇེ་དྲག་ཏུ་ངཏང་།
དེ་ལས་གཞན། རྫོང་ཡོངས་ཀྱི་ཞིང་ལས་མཁོ་རྫས་ཀྱི་སྤུས་ཀ་ཚད་གཞི་དང་མཐུན་པར་ཁག་ཐེག་བྱེད་ཆེད། རྫོང་ཡོངས་ཀྱི་ཞིང་ལས་མཁོ་རྫས་འཚོང་བའི་སྡེ་ཁག་བདུན་གྱི་ལུད་རྫས་ཀྱི་སྤུས་ཚད་ལ་འཐེན་ཞིབ་བྱས་པ་དང་། མིག་སྔར་རིགས་མི་འདྲ་བའི་ལུད་རྫས་སྣ་ཚོགས་ལ་འཐེན་ཞིབ་ཐེངས་ཉི་ཤུ་ལྷག་བྱས།