རྨ་སྟོད་རྫོང་གིས་རྨ་སྟོད་བོད་ལུག་གི་ཐོན་ཁུངས་དགེ་མཚན་ལ་བརྟེན་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་བཏང་།
2020.04.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 32

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་ཞིང་སྡེ་འབྲོག་ཁུལ་གྱི་ཐོན་ལས་ཚུལ་བསྒྱུར་བྱེད་རྒྱུ་དེ་རྐང་འཛུགས་ས་རུ་བྱས་པ་དང་། རྨ་སྟོད་བོད་ལུག་གི་ཐོན་ཁུངས་དགེ་མཚན་ལ་རྒྱབ་བརྟེན་ནས་ཕྱུགས་ལས་སྐྱེ་ཁམས་ལྗང་མདོག་འཕེལ་རྒྱས་སུ་བཏང་བ་མ་ཟད། ཉོ་ཚོང་ལམ་བུ་རྒྱུན་མ་ཆད་པར་རྒྱ་བསྐྱེད་པ་དང་། རྒྱུན་མཐུད་ངང་འབྲོག་པ་མང་ཚོགས་ཀྱི་དབུལ་ཐར་ཕྱུག་བསྒྱུར་ལ་སྣེ་ཁྲིད་བྱས། ན་ནིང་། རྨ་སྟོད་རྫོང་གི་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ཁེ་འབབ་སྒོར་ས་ཡ་བརྒྱད་དང་འབུམ་བདུན་ཁྲི་གཅིག་བླངས་པ་དང་། སྒོ་ཕྱུགས་སྟོང་དྲུག་དང་དྲུག་བརྒྱ་རེ་བདུན་མཉམ་བསྲེས་བྱས་ལ། འབྲོག་ཁྱིམ་བརྒྱ་དང་གཅིག་དང་མི་ཉིས་བརྒྱ་དང་སོ་དགུ་མཉམ་ལས་ཁང་ལ་ཞུགས་པ་དང་། མཉམ་ལས་ཁང་གིས་བསྡོམས་པས་ཁེ་འབབ་སྒོར་ས་ཡ་ལྔ་དང་འབུམ་ལྔ་ཁྲི་བདུན་སྟོང་བརྒྱད་ལྔ་བརྒྱ་བགོ་བཤའ་བྱས།

ཉེ་བའི་ལོ་འགའི་རིང་ལ། རྨ་སྟོད་རྫོང་གིས་སྡེ་བ་གཅིག་ལ་ཐོན་རྫས་གཅིག་་འཕེལ་རྒྱས་སུ་གཏོང་རྒྱུ་དེ་ཞིང་ཕྱུགས་ལས་ཀྱི་གྲུབ་ཚུལ་ལེགས་སྒྱུར་བྱེད་པ་དང་། ཞིང་ཕྱུགས་ལས་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བ་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། སྡེ་བ་སུམ་ཅུ་རུ་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། བསྡོམས་པས་མ་དངུལ་བྱེ་བ་ལྔ་དང་ས་ཡ་གཉིས་འབུམ་བརྒྱད་བཏང་སྟེ། སྐྱེ་ཁམས་ཕྱུགས་ལས་ཐོན་ལས་ཅན་དུ་བསྒྱུར་བའི་ལས་གཞི་ཉེར་དྲུག་ལག་བསྟར་བྱས་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་རྩོལ་ནུས་ཇེ་དྲག་ཏུ་བཏང་། དེ་དང་མཉམ་དུ། རྨ་སྟོད་རྫོང་གིས་རྨ་སྟོད་བོད་ལུག་ཁུངས་འདེད་མ་ལག་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱས་ནས། དུས་ཐོག་ཏུ་སྐྱེ་ཁམས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་གོ་རིམ་ཁྲོད་བྱུང་བའི་གཙོ་གནད་དང་དཀའ་གནད་ཐག་བཅད།

རྨ་སྟོད་རྫོང་གིས་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ། རྨ་སྟོད་བོད་ལུག་གསོ་སྤེལ་ཚོད་ལྟ་སྤེལ་བ་དང་། སྐྱེ་ཁམས་ཕྱུགས་ལས་འཁོར་རྒྱུག་གི་ཐོན་ལས་མུ་ཐག་བསྐྲུན་པ་མ་ཟད། རྩ་དེའུ་སྡེ་བའི་བོད་ལུག་གསོ་སྤེལ་ཚོད་ལྟ་རྟེན་གཞི་དང་རྨ་ལ་བཞི་སྒང་སྡེ་བའི་ལུག་གསོ་སྤེལ་ཚོད་ལྟ་རྟེན་གཞི་བཙུགས། ཁྱོན་ཡོངས་ནས་སྲིད་གཞུང་དང་ཁེ་ལས། མཉམ་ལས་ཁང་། གློག་ཚོང་བཅས་ཀྱི་མཉམ་ལས་མ་དཔེ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་དང་རྒྱལ་ཁབ་གློག་དྲ། བཟོ་ཚོང་དངུལ་ཁང་། ཞིང་ལས་དངུལ་ཁང་སོགས་གློག་ཚོང་སྟེགས་བུ་ལ་རྒྱབ་རྟེན་ནས། དགེ་མཚན་ཚོང་རྟགས་ཀྱིས་མང་ཚོགས་ཀྱི་རང་ཉིད་འཕེལ་རྒྱས་སུ་གཏོང་བའི་ནུས་པ་མཐོར་འདེགས་བཏང་། རྫོང་དེས་ད་དུང་མཐོ་སྒང་གི་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ཚན་རྩལ་ཀུང་ཟི་དང་མཉམ་ལས་གྲོས་མཐུན་བཀོད་དེ། ཚོང་རའི་རིན་གོང་ལས་བརྒྱ་ཆའི་ལྔའི་མཐོ་བའི་རིན་གོང་གིས་མཉམ་ལས་ཁང་ནས་རྨ་སྟོད་བོད་ལུག་ཉོ་སྡུབ་བྱས་པ་མ་ཟད། ལས་སྣོན་ལེགས་པོ་བྱས་རྗེས། ལོ་མཇུག་ལ་བརྒྱ་ཆའི་ང་གཅིག་གི་ཁེ་འབབ་བགོ་བཤའ་མངོན་འགྱུར་བྱས་ཏེ། འབྲོག་པ་མང་ཚོགས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཁྲོད་ཞུགས་པའི་བརྩོན་སེམས་ཆེར་སྐྱེད།