ཉེ་ལམ། རྒྱལ་ཁབ་ཞིང་ལས་ཞིང་སྡེ་པུའུ་ཡིས2020ལོའི་རྒྱལ་ཡོངས་ཞིང་ལས་ཐོན་ལས་ཀྱི་སྟོབས་ལྡན་གྲོང་རྡལ་འཛུགས་སྐྲུན་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཐང་ཁྲོན་གྲོང་རྡལ་དང་ཏུའུ་ལན་རྫོང་པཎ་ཆེན་ཤིང་སྡེ་གྲོང་རྡལ། ཀོས་ནན་རྫོང་ཐར་ཤུལ་ཞང་། ཞིན་ཧེ་རྫོང་ཧོལ་ཁ་གྲོང་རྡལ་བཅས་ཞང་དང་གྲོང་རྡལ་བཞི་མིང་ཐོའི་གྲས་སུ་ཚུད།
རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མིང་ཐོའི་ཁྲོད་ཚུད་པའི་ཞང་དང་གྲོང་རྡལ་གྱིས་སོ་སོར་མཐོ་སྒང་གི་སྔོ་ཚལ་དང་ནས། གྲོ། གཟན་རྩྭ་སོགས་དགེ་མཚན་ཐོན་ལས་ལ་དམིགས་ནས། ཐོན་སྐྱེད་ལས་སྣོན་རྟེན་གཞི་འཛུགས་སྐྲུན་བྱེད་པ་དང་། ཚོང་རྟགས་སྐྱེད་སྲིང་བྱེད་པ། ཐོན་ལས་མུ་ཐག་རྒྱུན་བསྲིང་བ། ཚད་གཞི་ཅན་གྱི་རྒྱུ་ཆ་ཐོན་སྐྱེད་དང་ལེགས་བསྡུས་ཅན་གྱི་ལས་སྣོན། དྲ་རྒྱ་ཅན་གྱི་ཞབས་ཞུ་མ་ལག་བཅས་གཞི་གཅིག་ཏུ་འདུ་བའི་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་དང་ལྡན་པ་འཛུགས་སྐྲུན་བྱེད་པ། གཙོ་གཞི་མང་པོ་དེའི་ཁྲོད་ཞུགས་པ་དང་ལས་རྣམ་མང་པོ་འཛུགས་སྐྲུན་བྱེད་པ། རྒྱུ་རྐྱེན་མང་པོ་འདུ་བ། ཁེ་ཕན་མང་པོ་མཉམ་སྡེབ་བྱེད་པ། མ་དཔེ་མང་པོ་གསར་གཏོད་བྱེད་པའི་མང་ལྔ་མཉམ་ལས་ཀྱི་འཕེལ་རྒྱས་རྣམ་པ་གྲུབ་པར་བྱས་ནས། ཞིང་སྡེའི་ཐོན་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྣེ་ཁྲིད་བྱེད་རྒྱུ་རེད།
དེ་ལས་གཞན། 2020ལོར་ཆོག་མཆན་བཀོད་དེ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པའི་ཞིང་ལས་ཐོན་ལས་ཀྱི་སྟོབས་ལྡན་གྲོང་རྡལ་ཐད་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་བྱེད་ཐབས་བརྒྱུད་དེ་རྒྱབ་སྐྱོར་འོས་འཚམ་བྱེད་རྒྱུ་ཡིན་པ་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་མ་དངུལ་དེ་ས་ཆ་སོ་སོས་འཛུགས་སྐྲུན་ནང་དོན་ལ་ཟུང་འབྲེལ་བྱས་ནས། གྲོང་རྡལ་གྱི་ཞིང་ལས་གཙོ་ཡིན་པའི་ཐོན་ལས་འཕེལ་རྒྱས་སུ་གཏོང་བར་བཀོལ་རྒྱུ་ཡིན་པ་དང་། གཙོ་བོར་ཐོན་ལས་མུ་ཐག་ཡོངས་ཀྱི་གསར་སྤེལ་ཚོང་གཉེར་ཁྲོད་ཀྱི་འཁྱག་ཉར་བཅུད་སྲུང་དང་ལས་སྣོན་ཉོ་ཚོང་སོགས་གནད་འགག་ཁྱབ་ཁོངས་དང་ཉམས་ཞན་སར་རྒྱབ་སྐྱོར་བྱེད་པ་དང་། གཙོ་ཁྲིད་ཐོན་ལས་ཀྱི་ཚུལ་བསྒྱུར་རིམ་སྤོར་དང་ཆེ་བ་ནས་སྟོབས་ལྡན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། རིམ་པ་བཞིན་དེང་རབས་ཞིང་ལས་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་རྒྱུ་རེད།