ཞིན་ཧེ་རྫོང་གིས་དཔྱིད་ཀའི་རྨོ་འདེབས་ཀྱི་སྐྱེ་ལྡན་ལུད་རྫས་འདོན་སྤྲོད་ལ་ཁག་ཐེག་བྱས།
2020.04.30 ཁུངས། ཀློག་གྲངས། 102

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དཔའ་བརྟན་རྒྱལ་དང་ཤ་བོ་རིན་མཚོ་གཉིས་ཀྱིས་བཀོད་པའི་གསར་འགྱུར།

ཉེ་ལམ་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་གིས་རིམས་ནད་སྔོག་འགོག་ཚོད་འཛིན་བྱ་བ་ལེགས་པོར་སྒྲུབ་པ་དང་མཉམ་དུ།བྱེད་ཐབས་སྣ་མང་སྤྱད་དེ་ཁེ་ལས་སྣ་ཚོགས་གོ་རིམ་ཡོད་པའི་སྒོ་ནས་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད།ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན་གསར་འགོད་ཚན་ཆུང་ཞིན་ཧེ་རྫོང་དྲིལ་སྒྲོག་པུའུ་ཡི་འབྲེལ་ཡོད་འགན་ཁུར་བས་འཚམས་སྦྱོར་བྱས་པ་ལྟར།ད་ལོའི་རིམས་ནད་ཀྱི་རྗེས་སུ་རྫོང་ཡོངས་ཀྱི་མངའ་ཁོངས་ནས་ལས་ཐོན་སླར་གསོ་བྱས་པ་སྔ་ཤོས་ཀྱི་སྒེར་གཉེར་ཁེ་ལས་སྟེ།མཚོ་སྔོན་རྣམ་རྒྱལ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟིའི་དཔལ་ཁ་སྐྱེ་དངོས་སྐྱེ་ལྡན་ལུད་རྫས་དཔེ་སྟོན་གནས་གཞི་རུ་བཅར་ནས་བཟོ་གྲྭ་ཡོངས་ཀྱི་འཁོར་སྐྱོད་གནས་ཚུལ་དང་ལས་བཟོ་བའི་ལས་ཞུགས་བྱེད་ཚད་སོགས་ལ་རྒྱུས་ལོན་བྱས་པ་ཡིན།

མཚོ་སྔོན་རྣམ་རྒྱལ་སྐྱེ་ཁམས་ཞིང་ཕྱུགས་ཚན་རྩལ་ཚད་ཡོད་ཀུང་ཟི་ནི་2005ལོར་བཙུགས་པའི་ཁོར་སྲུང་གི་འདུ་ཤེས་ཆེན་པོ་ལྡན་པའི་སྒེར་གཉེར་ཀུང་ཟི་ཞིག་ཡིན་ལ།ཀུང་ཟི་དེས་གཙོ་བོ་རྒྱལ་ནང་གི་ཞིང་ཕྱུགས་ལས་ཀྱི་འཕེལ་རྒྱས་གནས་བབས་དང་མ་འོངས་པའི་དེང་རབས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་དམིགས་ནས།ནོར་ལུག་གི་ལྕི་བ་དང་རིལ་མ་གཙོ་བྱས་པའི་ས་གནས་ཀྱི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ལྡན་ལུད་རྫས་སྣ་ཚོགས་ཐོན་སྐྱེད་བྱེད་བཞིན་ཡོད།

ཀུང་ཟིའི་སྤྱི་གཉེར་པ་རྟ་མགྲིན་རྒྱལ་གྱིས་ད་ལོའི་རིམས་ནད་ཀྱི་ཤུགས་རྐྱེན་དང་ད་ལྟའི་ལས་ཐོན་སླར་གསོ་བྱས་པའི་གནས་ཚུལ་སྐོར་གླེང་བཞིན་པ།

ད་ལྟ་ཀུང་ཟི་འདིར་སྐྱེ་ལྡན་ལུད་རྫས་ཐོན་སྐྱེད་བྱེད་སའི་རྟེན་གཞི་བཞི་ཡོད་པ་དང་།སྤྱིའི་མ་དངུལ་སྒོར་འབུམ་དྲུག་དང་ཁྲི་གསུམ་བཏང་ལ། རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་བརྒྱ་ལྷག་ཡོད།ལོ་རེར་སྐྱེ་ལྡན་ལུད་རྫས་ཏུན་ཁྲི་ཉི་ཤུའི་ཡན་ཐོན་སྐྱེད་བྱེད་བཞིན་ཡོད་པ་དང་། རྟེན་གཞིའི་ནང་མ་རྐང་བཞག་པའི་དབུལ་ཕོངས་ཁྱིམ་ཚང་1141ཡོད་པར་མ་ཟད། ས་གནས་ཀྱི་འབྲོག་པ་མང་ཚོགས་6000ལྷག་ལ་ཁེ་ཕན་བསྐྲུན་བཞིན་ཡོད་པ་དང་ལོ་རེར་ཁྱིམ་ཚང་རེ་ལ་སྒོར་2064ཡོང་འབབ་འཕར་སྣོན་བྱེད་བཞིན་ཡོད།ཀུང་ཟི་འདིར་མཚོན་ན་ས་གནས་ཀྱི་ཀུང་ཟི་གཞན་དག་དང་བསྡུར་ན་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ནི་ཀུང་ཟིའི་ནང་གི་ལས་བཟོ་བ་མང་ཆེ་བ་ནི་དབུལ་ཕོངས་ཁྱིམ་ཚང་གི་བུ་བུ་མོ་དང་།ཕ་མ་གཉིས་དབང་བོ་སྐྱོན་ཅན་ཡིན་པའི་བུ་དང་བུ་མོ། ལོ་ལོན་རྒན་པ་གཉོར་ནས་ས་གཞན་ལ་ལས་ཀར་འགྲོ་མི་ཐུབ་པའི་རང་ས་རང་ཡུལ་གྱི་ངལ་རྩོལ་ལས་ཞུགས་པ་རྐྱང་རྐྱང་ཡིན་ལ།ཁོ་ཚོར་མཚོན་ན་རང་ཁྱིམ་གྱི་ཉེ་འགྲམ་དུ་འདི་ལྟ་བུའི་ཡོང་སྒོ་བཙལ་སའི་ཁེ་ལས་ཤིག་ཡོད་པ་ནི་ནམ་ཡང་རང་ཉིད་ཀྱི་འཚོ་བའི་རྒྱབ་རྟེན་དུ་བསམ་བཞིན་ཡོད།

སྐྱེ་ལྡན་ལུད་རྫས་ཀུང་ཟིའི་ལས་བཟོ་བ་ཚེ་དབང་རྒྱལ་གྱིས་རང་ཉིད་ལས་ཞུགས་བྱས་རྗེས་ཀྱི་ཡོང་སྒོའི་ངོས་ཐད་ནས་བསམ་ཚུལ་བརྗོད་བཞིན་པ། 

ད་ལྟ་ཀུང་ཟི་འདིས་ཐོན་སྐྱེད་བྱས་པའི་སྐྱེ་ལྡན་ལུད་རྫས་ཚང་མ་གཙོ་བོ་མཚོ་ལྷོ་ཁུལ་གྱི་རྫོང་སོ་སོར་ཕྱིར་འཚོང་བྱེད་བཞིན་ཡོད་པར་མ་ཟད།ན་གོར་མོ་སོགས་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གཞན་དག་དང་། ཐ་ན་སི་ཁྲོན་དང་ལྷ་ས་སོགས་ལའང་ཕྱིར་འཚོང་བྱེད་བཞིན་ཡོད།ཀུང་ཟིའི་སྤྱི་གཉེར་བ་རྟ་མགྲིན་རྒྱལ་གྱིས་བཤད་པ་ལྟར་ན། ད་ལོ་རིམས་ནད་ཀྱི་དབང་གིས་དུས་ལྟར་ཐོན་སྐྱེད་བྱེད་འགོ་ཚུགས་མ་ཐུབ་པ་དང་།ལུད་རྫས་ཕྱིར་འཚོང་གི་ཐད་ལའང་སྔོན་དང་བསྡུར་ན་བཀག་རྒྱ་ཅུང་ཐེབས་ཡོད་མོད། འོན་ཀྱང་ས་གནས་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་དང་རོགས་རམ་ལ་བརྟེན་ནས།ད་ལྟ་ཁེ་ལས་ཀྱི་ལས་ཀ་ཡོད་ཚད་རྒྱུན་ལྡན་ལྟར་ལས་ཐོན་སླར་གསོ་བྱུང་ཡོད་པར་མ་ཟད། དཔྱིད་དུས་རྨོ་འདེབས་ཀྱི་དུས་ཚིགས་བཟང་བོ་བེད་སྤྱད་དེ་སྐྱེ་ལྡན་ལུད་རྫས་ཀྱི་ཐོན་སྐྱེད་ལ་ཁག་ཐེག་བྱེད་བཞིན་ཡོད་ཟེར།

གསར་འགོད་པ། དཔའ་བརྟན་རྒྱལ། ཤ་བོ་རིན་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།