ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པའི་གློག་དྲའི་བཟོ་སྐྲུན་སོགས་ཁེ་ལས་ཚང་མ་དུས་ལྟར་ལས་ཐོན་སླར་གསོ་བྱུང་ཡོད།
2020.04.30 ཁུངས། ཀློག་གྲངས། 107

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་དཔའ་བརྟན་རྒྱལ་དང་ཤ་བོ་རིན་མཚོ་གཉིས་ཀྱིས་བཀོད་པའི་གསར་འགྱུར།

ཉེ་སྔོན་པྲོག་གསར་གློ་ཚད་ཀྱི་རིམས་ནད་དུས་ལྟར་འགོག་བཅོས་ཚོད་འཛིན་བྱེད་ཐུབ་པ་དང་མཉམ་དུ་ས་ཁུལ་སོ་སོའི་ཁེ་ལས་དག་ཀྱང་རིམ་པ་བགར་ནས་གོ་རིམ་ལྟར་དུ་སླར་གསོ་བྱེད་བཞིན་ཡོད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན་མཚོ་ལྷོ་ཁུལ་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱིས་གོང་རིམ་སྲིད་ཇུས་ཀྱི་འགྲོས་དང་བསྟུན་ནས་རིམས་ནད་འགོག་བཅོས་བྱེད་པ་གཙོ་བོར་བཟུང་ནས། ཚན་རིག་ལྟར་ཁག་བགོས་རིམ་བགར་བྱས་ཏེ། གྲོང་རྡལ་མངའ་ཁོངས་ཀྱི་ཁེ་ལས་ཆེ་འབྲིང་ཆུང་གསུམ་རེ་རེ་བཞིན་ལས་འགོ་རྩོམ་གྱིན་ཡོད།

སུམ་མདོ་གྲོང་རྡལ་གྱི་གྲོང་གཙོ་རྟ་མགྲིན་རྒྱལ་གྱིས་གྲོང་རྡལ་མངའ་ཁོངས་ཀྱི་ཁེ་ལས་སྣ་ཚོགས་ལས་ཐོན་སླར་བྱས་པའི་སྤྱིའི་གནས་ཚུལ་གླེང་བཞིན་པ།

སུམ་མདོ་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པའི་མཚོ་སྔོན་གློག་གཏོང་གློག་སྒྱུར་ལས་གཞི་ཚད་ཡོད་ཀུང་སིའི་མཚོ་ལྷོའི་སྟོང་ལྦ་800ཡི་བརྗེ་སྒྱུར་ས་ཚིགས་ཀྱི་ཨར་ལས་རྣམ་གྲངས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀོས་ནན་རྫོང་སུམ་མདོ་གྲོང་རྡལ་གྱི་ཤར་བྱང་མཚམས་དང་། མཚོ་སྔོན་ཞིང་ཆེན་གྱི་གཞུང་ལམ་203དང་101གཉིས་ཀྱི་འདྲེས་མདོ་སྟེ་ནུབ་ལྷོའི་ཕྱོགས་ཀྱི་མཚོ་ངོས་ལས་མཐོ་ཚད་རྨིད་3400ལྷག་ཡོད་པའི་མཐོ་སྒང་གི་རྩྭ་ཐང་བརྒྱུད་ནས་ཞིང་ཆེན་ཕྱི་ལ་འཐེན་པའི་གློག་དྲའི་བཟོ་སྐྲུན་ཆེས་ཆེན་པོ་ཞིག་ཡིན་ལ། དེ་ནི་ཀོས་ནན་རྫོང་ཁོངས་ནས་ཐོན་ལས་སླར་གསོ་བྱས་པ་ཆེས་སྔ་བའི་ཁེ་ལས་ཆེན་པོའི་གྲས་ཀྱི་གཅིག་རེད།

གློག་དྲ་ཀུང་སིའི་འགན་ཁུར་བ་ཐེན་མེན་ཏི་ཡིས་གློག་དྲའི་བཟོ་སྐྲུན་གྱི་མིག་སྔའི་འཕེལ་རིམ་སྐོར་གླེང་བཞིན་པ།

ད་ལོ་རིམས་ནད་ཀྱི་དབང་གིས་ཁེ་ལས་མང་པོ་ཞིག་དུས་ལྟར་སྒོ་འབྱེད་མ་ཐུབ་པས། ས་གནས་ཀྱི་ལས་ཞུགས་ངལ་རྩོལ་པ་མང་པོ་ཞིག་གི་ཡོང་སྒོའི་ཐད་ལའང་གནོད་པ་ཐེབས་ཡོད་ལ། ཕྱིས་སུ་རིམ་གྱིས་ནད་ཀྱི་གནས་བབ་ཇེ་ལེགས་སུ་སོང་བ་དང་བསྟུན་ནས་ཁེ་ལས་མང་པོ་གཅིག་རྗེས་གཉིས་མཐུད་ངང་ལས་ཐོན་སླར་གསོ་བྱུང་སྟེ། མི་མང་པོ་ཞིག་ལ་ལས་ཞུགས་ལས་སྐྲུན་གྱི་གོ་སྐབས་ལེགས་པོ་བསྐྲུན་ནས་ངལ་རྩོལ་གྱི་ཡོང་སྒོ་ཇེ་མང་ལ་འགྲོ་བཞིན་ཡོད།

བཟོ་སྐྲུན་ལས་ཡུལ་གྱི་ལས་ཞུགས་ངལ་རྩོལ་པ་གཡང་སྒྲོན་གྱིས་རང་གི་ཡོང་སྒོའི་སྐོར་གྱི་གནས་ཚུལ་བཤད་བཞི་པ། 

ལས་འགོ་བསྐྱར་ཚུགས་ཞེས་པ་ནི་ལས་ཞུགས་གཏན་འཇགས་ལ་ཟེར་ཞིང་། ཐོན་ལས་བསྐྱར་ཚུགས་ཞེས་པ་ནི་དཔལ་འབྱོར་གཏན་འཇགས་ཀྱི་དོན་ཡིན་ཞེས་པ་ནང་བཞིན་འདི་དང་འདི་ལྟ་བུའི་ཁེ་ལས་ཆེ་རིགས་དུས་ལྟར་ལས་འགོ་ཚུགས་ཐུབ་པ་དེས། ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་རང་བཞིན་གྱི་ནུས་པ་ཐོན་ཡོད་པར་མ་ཟད། ཞིང་བ་ལས་བཟོ་བའི་ལས་ཞུགས་བརྟན་པོ་ཡོང་བར་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད།

གསར་འགོད་པ། དཔའ་བརྟན་རྒྱལ། ཤ་བོ་རིན་མཚོ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ། 

ལྟ་སྐུལ་བ། དབྱངས་ཅན། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།