མཚོ་སྔོན་གནམ་གྲུ་ཐང་ཀུང་ཟི་ནས་འབྱོར་བའི་གནས་ཚུལ་ལྟར་ན། ལྔ་གཅིག་གུང་གསེང་རིང་མཚོ་སྔོན་ཞིང་ཆེན་གྱི་གནམ་གྲུ་ཐང་གིས་སྔོན་དཔག་བྱས་ན། དུས་གཏན་གནམ་གྲུ་ཐེངས766བཏང་ནས། འགྲུལ་པ་མི་ཐེངས་ཁྲི་དྲུག་དང་སྟོང་བདུན་སྐྱེལ་འདྲེན་བྱས་ཏེ།དངོས་ཟོག་ཏུན403སྐྱེལ་འདྲེན་བྱེད་རྒྱུ་རེད།
ཉེ་ལམ། དུས་གཏན་གནམ་གྲུ་སླར་གསོ་བྱུང་བ་དང་དབྱར་དུས་མཁའ་འགྲུལ་དུས་ཚིགས་བརྗེ་བཞིན་པའི་སྐབས་དང་བསྟུན་ནས། འགྲུལ་པ་འགྲོ་འོང་བྱེད་ཚད་རྒྱུན་མཐུད་ངང་འཕར་བའི་རྣམ་པ་མངོན་ཞིང་། ཟླ4ཚེས29ཉིན་ནས་བཟུང་། མཚོ་སྔོན་གནམ་གྲུ་ཐང་གིས་དུས་ཆེན་སྔོན་གྱི་འགྲོ་འོང་མང་ཤོས་ཀྱི་དུས་རིམ་བསུས་ཏེ། འགྲུལ་པ་མི་ཐེངས་ཁྲི་གཅིག་དང་བརྒྱད་བརྒྱ་དགུ་བཅུ་སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི1ལས་བརྒལ་ནས་རིམས་ནད་ཐོན་ཚུན་གྱི། འགྲུལ་པ་སྐྱེལ་འདྲེན་གྱི་ཚད་ཆེས་མང་ཤོས་སུ་སླེབས།
སྔོན་དཔག་བྱས་པར་ལྟར་ན། ཟླ5ཚེས1ཉིན་ནས་ཟླ5ཚེས5ཉིན་བར་མཚོ་སྔོན་ཞིང་ཆེན་གྱི་གནམ་གྲུ་ཐང་གིས་དུས་གཏན་གནམ་གྲུ་ཐེངས766བཏང་ནས། འགྲུལ་པ་མི་ཐེངས་ཁྲི་དྲུག་དང་སྟོང་བདུན་སྐྱེལ་འདྲེན་བྱ་རྒྱུ་དང་། དངོས་ཟོག་དང་སྦྲག་ཐོག་བསྐུར་མ་ཏུན403སྐྱེལ་འདྲེན་བྱ་རྒྱུ་ཡིན་ལ། དེའི་ནང་ཟི་ལིང་གནམ་གྲུ་ཐང་གིས་དུས་གཏན་གནམ་གྲུ་ཐེངས636བཏང་ནས་འགྲུལ་པ་མི་ཐེངས་ཁྲི་ལྔ་དང་སྟོང་བདུན་སྐྱེལ་འདྲེན་བྱ་རྒྱུ་དང་དངོས་ཟོག་དང་སྦྲག་བསྐུར་འདོན་འཇུག་བྱེད་ཚད་ཏུན318ཟིན་པས།སྔོན་ཆད་དང་བསྡུར་ན་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན། སོ་སོར28.4%དང་45.5%། 28.6%བཅས་ཀྱིས་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་རེད།
ལྔ་གཅིག་གུང་གསེང་སྐབས་སུ། རྒྱུ་རྐྱེན་དུ་མའི་དབང་གིས་ཟི་ལིང་ནས་གཙོ་གནད་གྲོང་ཁྱེར་ཆེ་ཁག་བར་གྱི་དུས་གཏན་གནམ་གྲུ་མང་དུ་འགྲོ་རྒྱུ་དང་། མཁའ་ལམ་ཤར་གཏོང་ཐུབ་པའི་གྲོང་ཁྱེར་ཟླ4པ་ལས23མང་དུ་ཕྱིན་ནས། འགྲུལ་པ་སྔར་ལས་མང་པོ་ཞིག་གི་འགྲོ་འོང་དགོས་མཁོ་སྐོང་ཐུབ་རྒྱུ་རེད། ཤིས་ཨན་དང་ཁྲིན་ཏུའུ། ཀྲིན་ཀྲོའུ། ཧང་ཀྲོའུ། ལྷ་ས་སོགས་སྲོལ་རྒྱུན་གྱི་ཡུལ་སྐོར་གྲོང་ཁྱེར་གཙོ་བོ་ཕུད། དབྱར་དུས་མཁའ་འགྲུལ་དུས་ཚིགས་སུ་གསར་དུ་འཕར་བའི་ཨ་ཁེ་སུའུ་དང་། ཨ་ལེ་ཐའེ། ཧ་སྨི། ཆོན་ཀྲོའུ། ནན་ཐུང་། ལིན་དབྱི། ཡན་ཁྲེང་། ནན་དབྱང་། ཞང་དབྱང་། གསར་བརྗེའི་ཡུལ་སྐོར་གནས་མཆོག་ཡན་ཨན་སོགས་གྲོང་ཁྱེར་ཡང་རྒྱ་ཆེའི་ཡུལ་སྐོར་བའི་གུང་གསེང་རིང་ཕྱིར་སྐྱོད་པའི་གདམ་ག་ཞིག་ཏུ་འགྱུར་རྒྱུ་རེད།
བན་དེ་སྐྱབས་ཀྱིས་བསྒྱུར།