ཉེ་ལམ། གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིན་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་ས་ཁང་བདག་ཁོངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་ཕྱིན་ནས། ས་ཁང་བདག་ཁོངས་ཐད་བཞག་པའི་མ་དངུལ་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
ཞིང་ཆེན་འཛུགས་སྐྲུན་ཐིན་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ་དང་ཆབས་ཅིག་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། ལས་འགོ་བསྐྱར་རྩོམ་གྱི་རྒྱུ་རྐྱེན་གཙོ་བོ་མཐུན་སྦྱོར་འགན་ལེན་བྱས་ཏེ། དུས་ཚིགས་དང་པོར་ཞིང་ཆེན་ཡོངས་ཀྱི་ས་ཁང་བདག་ཁོངས་གསར་སྤེལ་ཐད་མ་དངུལ་སྒོར་དུང་ཕྱུར16.58བཏང་བ་དེ་དུས་མཉམ་དང་བསྡུར་ན་47.60%འཕར་བ་དང་། འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས87ལྷག་གིས་མཐོ་རུ་ཕྱིན་ཡོད། དེའི་ནང་ཚོང་སྒྱུར་སྡོད་ཁང་ལ་མ་དངུལ་སྒོར་དུང་ཕྱུར12.75བཏང་བ་དེ་དུས་མཉམ་ལས89.20%འཕར་བ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས121ལྷག་འཕར་ཡོད། ས་ཁང་བདག་ཁོངས་གསར་སྤེལ་ལེགས་གྲུབ་བྱུང་བའི་མ་དངུལ་གྱིས་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་བཏང་བའི་བསྡུར་ཚད་ནི6.31%ཡིན།
རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ས་ཁང་བདག་ཁོངས་ཐད་བཞག་པའི་མ་དངུལ་གྱི་གཞི་གྲངས་ཞིབ་བསྡུར་ལས་བལྟས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས8ཀྱི་ས་ཁང་བདག་ཁོངས་ལ་མ་དངུལ་བཞག་ཚད་དངོས་སུ་འཕར་ཏེ། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་སུ་སོ་སོར47.6%དང་45.2%འཕར་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།
མཚོ་སྔོན་ཞིང་ཆེན་ས་ཁང་བདག་ཁོངས་ཆ་འཕྲིན་མ་ལག་དྲ་བའི་ཐོག་མིང་རྟགས་བཀོད་པའི་གཞི་གྲངས་ལས་མངོན་པར་གཞིགས་ན། དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་རྒྱ་ཁྱོན་སྨི་ངོས་སྙོམས་གྲུ་བཞི་མ་ཁྲི96.17ཟིན་པ་དེ་དུས་མཚུངས་ལས4.87%འཕར་བ་དང་།ཚོང་སྒྱུར་སྡོད་ཁང་ཕྱིར་ཚོང་བྱེད་ཚད་སྒོར་དུང་ཕྱུར65.78ཟིན་པ་དེ་དུས་མཚུངས་ལས26.09%འཕར་ཡོད་པ་རེད། ཚོང་སྒྱུར་སྡོད་ཁང་གི་ཆ་སྙོམས་ཕྱིར་ཚོང་རིན་གོང་སྨི་ངོས་སྙོམས་གྲུ་བཞི་མ་རེར་སྒོར6839.46ཡིན་པ་དེ་ན་ནིང་དང་བསྡུར་ན20.21%འཕར་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།