ཁེ་ལས་ཀྱིས་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ལ་རྒྱུས་ལོན་སྔར་ལས་བཟང་བོ་བྱས་ནས་དོགས་པ་སེལ་བར་རོགས་རམ་བྱེད་ཆེད། ཟླ་བཞི་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཞིང་ཆེན་ཚོང་ཚོགས་གཉིས་ཀྱིས་མཉམ་དུ་གནས་བབ་སྲིད་ཇུས་སྒྲོག་འགྲེལ་བྱེད་པའི་བྱ་འགུལ་སྤེལ་ནས། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་ཁྲལ་དོན་ཅུའུ་ཡི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གདན་ཞུ་བྱས་ནས་སོ་སོར་རིམས་ནད་འོག་གི་མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་ཀྱི་ཚུལ་བསྒྱུར་དང་འཕེལ་རྒྱས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་བྱེད་པ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་བཅས་ཁ་བྱང་དུ་བྱས་ནས་སྒྲོག་འགྲེལ་བྱས། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལག་བསྟར་ཨུ་ཡོན་ལྷན་ཁང་ཁེ་ལས་དང་ཚོང་ཚོགས་ཚོགས་མི། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ལས་ཁུངས་ཀྱི་ལས་བྱེད་པ་བཅས་མི་བརྒྱ་དང་ལྔ་བཅུ་སྒྲོག་འགྲེལ་ལ་ཞུགས།
སྒྲོག་འགྲེལ་ཐད་ནས་རིམས་ནད་ཀྱི་ཁེ་ལས་ལ་གནོད་པ་ཐེབས་པའི་གནས་ཚུལ་དང་མིག་སྔར་གྱི་འཕེལ་རྒྱས་གནས་བབ། ཁ་གཏད་འཇལ་བའི་སྲིད་ཇུས་གཙོ་བོ། རིམས་ནད་འོག་གི་མཚོ་སྔོན་ཞིང་ཆེན་གྱི་དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་གོ་སྐབས། ཁྲལ་སྒྲུབ་ཞབས་ཞུ། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཕྱོགས་ལ་དམིགས་ནས་འགྲེལ་ཀློག་ཞིབ་མོ་བྱས་ཏེ། དམངས་གཉེར་ཁེ་ལས་ཀྱིས་ལས་ཐོན་སླར་གསོ་ཁྲོད་འབྲེལ་ཡོད་ཁྲལ་དངུལ་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་པའི་ཐད་དཔྱད་གཞི་དང་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་། ཁེ་ལས་བདེ་ཐང་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་གཏོང་བར་ཤུགས་ཡོད་རྒྱབ་སྐྱོར་འདོན་སྤྲོད་བྱས།
སྒྲོག་འགྲེལ་ལ་ཉན་རྗེས། ཚོགས་ཞུགས་མི་སྣས་འཆད་ཁྲིད་ཀྱི་ནང་དོན་ཕུན་སུམ་ཚོགས་ཤིང་གོ་སླ་བས། ཚང་མས་མིག་སྔའི་གནས་བབ་འོག་གི་ཁེ་ལས་འཕེལ་རྒྱས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་དང་གོ་སྐབས་ལ་ངོས་འཛིན་སྔར་ལས་བཟང་བོ་བྱེད་པ་དང་། ཁེ་ལས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་ལ་རྒྱུས་ལོན་བྱེད་པ། ཚུལ་བསྒྱུར་རིམ་སྤོར་དང་འཕེལ་རྒྱས་གསར་བ་བརྩོན་ལེན་བྱེད་པའི་ཐད་བསམ་ཕྱོགས་དང་རོགས་རམ་འདོན་སྤྲོད་བྱས་པའི་ཚུལ་བསྟན། ཚང་མས་མུ་མཐུད་དུ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་བཏོན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་ཐོན་སླར་གསོ་སྐོར་གྱི་སྲིད་ཇུས་བྱེད་ཐབས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རང་ཉིད་དོ་དམ་དང་ཡིད་རྟོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཡིད་རྟོན་དང་ཁེ་ལས་ཀྱི་སྣང་བརྙན་ལ་བརྟེན་ནས་རང་སྟེང་གི་དངུལ་བསྲེས་ཆ་རྐྱེན་ལེགས་བསྒྱུར་བྱས་ཏེ། ཁེ་ལས་ཀྱི་འཚོ་གནས་འཕེལ་རྒྱས་ཐད་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིན་པའི་ཚུལ་བསྟན།