ཉེ་ལམ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་སྡོད་ཁང་འཛུགས་སྐྲུན་པུའུ་ཡིས། མཚོ་སྔོན་ཞིང་ཆེན་ལ་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱི་ཉིས་སྟོང་ཉི་ཤུ་ལོའི་ཁག་དང་པོ་དང་ཁག་གཉིས་པའི་ཀྲུང་དབྱང་སྔོན་རྩིས་ནང་གི་སྒོར་དུང་ཕྱུར་བཞི་བྱེ་བ་གཅིག་ས་ཡ་བཞི་བཏང་བའི་ནང་དུ། སྡོད་ཁང་རྙིང་པ་སྒྱུར་བཀོད་ཀྱི་མ་ལག་ཚང་བའི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གཅིག་ས་ཡ་བཞི་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་ཀྱི་མ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་ལ་སྒོར་དུང་ཕྱུར2བཏང་བ་དེ་དག་གཙོ་བོ་སྡོད་ཁང་རྙིང་གྲས་སྒྱུར་བཀོད་དང་། གྲོང་ཁྱེར་ཁག་གཅིག་གིས་གྲབས་གསོག་བྱས་པའི་སྤྱི་པའི་གླ་གཏོང་ཁང་པའི་མ་ལག་ཆ་ཚང་བའི་རྨང་གཞིའི་སྒྲིག་ཆས། བཟོ་གཏེར་གྱི་སྡོད་ཁང་རྙིང་གྲས་སྒྱུར་བཀོད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གཞིས་ཁུལ་རྙིང་པ་སྒྱུར་བཀོད་ཀྱི་མ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱོད་རྒྱུ་རེད།
ཤེས་གསལ་བྱུང་བ་ལྟར་ན། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་དང་། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་བླང་བྱ་གཞིར་བཟུང་ནས། ས་གནས་ཁག་གིས་འགན་སྲུང་རང་བཞིན་གྱི་བདེ་སྡོད་བཟོ་སྐྲུན་གྱི་མ་ལག་ཆ་ཚང་བའི་རྨང་གཞིའི་སྒྲིག་ཆས་ལས་གཞིར་ ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། རྩ་དོན་ཐོག་གྲོང་ཁྱེར་གྱི་མ་ལམ་གཙོ་བོའི་གཙོ་གཉེར་དྲ་བ་དང་ཕྱོགས་བསྡུས་དོང་ལམ། གྲོང་ཁྱེར་ཐང་ཆེན། གྲོང་ཁྱེར་སྤྱི་གླིང་སོགས་ཀྱི་ལས་གཞིར་བཀོད་སྒྲིག་བྱེད་མི་ཆོག་པ་དང་། ས་གནས་ཀྱི་འཛུགས་སྐྲུན་ཁག་གི་མ་དངུལ་དོན་འཁྱོལ་བྱུང་མེད་པ་དང་། ལོ་འདིའི་ནང་ལས་འགོ་འཛུགས་མི་ཐུབ་པའི་ལས་གཞི་བཀོད་སྒྲིག་བྱེད་མི་ཆོག ལས་གཞི་བཀོད་སྒྲིག་བྱེད་སྐབས་གཞིས་ཁུལ་རྙིང་པའི་བཙོག་ཆུ་མེད་པ་བཟོ་རྒྱུར་གཅིག་གྱུར་འཆར་འགོད་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། ས་ཁུལ་དེ་གའི་ནོར་སྲིད་ཀྱི་ཐེག་ནུས་དང་སྲིད་གཞུང་གི་མ་དངུལ་གཏོང་བའི་ནུས་པ་དང་འཚམ་པར་བྱས་ཏེ། ས་གནས་སྲིད་གཞུང་གི་དངུལ་བུན་གྱི་ཉེན་ཁ་དང་དངུལ་རྩའི་ཉེན་ཁ་སྔོན་འགོག་ཏན་ཏིག་བྱེད་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།