མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་ཉེན་སྲུང་མ་དངུལ་བཅོལ་མཁན་སྟོང་གཉིས་དང་བརྒྱད་བརྒྱ་ཞེ་གཅིག་ལ་རིན་གོང་ལྡབ་གཉིས་ཀྱི་གནས་སྐབས་ཁ་གསབ་རོགས་དངུལ་སྤྲད།
2020.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཉེ་ལམ། གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན་བར་ཞིང་ཆེན་ཡོངས་སུ་ཟླ་གསུམ་པའི་ནང་རིན་གོང་ལྡབ་གཉིས་ཀྱི་གནས་སྐབས་ཁ་གསབ་སྤྲོད་པའི་ལས་དོན་ཡོངས་འགྲུབ་བྱས་ནས།  ཁྱོན་བསྡོམས་སྒོར་ས་ཡ་གཅིག་དང་ཁྲི་དགུ་སྟོང་དྲུག་དྲུག་བརྒྱ་སྤྲད་པ་དེས་ལས་ཤོར་ཉེན་སྲུང་མ་དངུལ་བཅོལ་མཁན་ཉིས་སྟོང་བརྒྱད་བརྒྱ་ཞེ་གཅིག་ལ་ཕན་པ་ཐོབ་ཡོད། ད་ལོར་ཞིང་ཆེན་ཡོངས་ཀྱིས་རིམ་རྩིས་བྱས་ན་རིན་གོང་གི་གནས་སྐབས་ཁ་གསབ་མ་དངུལ་སྒོར་ས་ཡ་གཉིས་དང་འབུམ་བདུན་སྟོང་གསུམ་བརྒྱད་བརྒྱ་སྤྲད་པ་དེས་སྣེ་ཁྲིད་མི་སྣ་ཁྲི་གཅིག་དང་སྟོང་གཅིག་བཞི་བརྒྱ་ལ་ཕན་པ་ཐོབ་ཡོད།

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་མ་མཐའི་འཚོ་བ་ཡི་འགན་སྲུང་ལས་དོན་ཡག་པོ་བསྒྲུབ་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་དམངས་ཚིས་འགན་སྲུང་ལེགས་བཅོས་ཀྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་། ལས་ཤོར་མི་སྣའི་གཞི་རྩའི་འཚོ་བ་ཡི་འགན་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་ཆེད། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་འཛད་སྤྱོད་རིན་གོང་སྟོན་གྲངས་འགྱུར་ལྡོག་འགྲོ་ཚུལ་དང་ཟུང་འབྲེལ་གྱིས། དངོས་ཟོག་གི་རིན་གོང་ཁ་གསབ་ལམ་སྲོལ་དུས་ཐོག་ཏུ་ལག་ལེན་བསྟར་ནས། རིན་གོང་གི་གནས་སྐབས་ཁ་གསབ་མགྱོགས་མྱུར་ངང་སྤྲད་པར་མ་ཟད། ཟླ3པ་ནས་ཟླ6པའི་བར་གྱི་ཁ་གསབ་ཚད་གཞི་དུས་མཚམས་རང་བཞིན་གྱི་ལྡབ་གཅིག་མཐོ་རུ་བཏང་སྟེ། དངོས་ཟོག་རིན་གོང་འཕར་བའི་རྐྱེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཤུགས་རྐྱེན་ཐེབས་ཚད་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།