རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལས་གཞི་འཛུགས་སྐྲུན་བྱེད་རྒྱུར་སྐུལ་འདེད་བཏང་།
2020.05.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 43

ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཉིས་སྟོང་བཅུ་དགུ་ལོའི་ཁོར་ཡུག་སྤུས་ཚད་གནས་ཚུལ་དང་། སྐྱེ་ཁམས་ཁོར་ཡུག་ལས་དོན་གྲུབ་འབྲས་དང་ཉིས་སྟོང་ཉི་ཤུ་ལོའི་སྐྱེ་ཁམས་ཁོར་ཡུག་གི་ལས་དོན་གལ་ཆེན་བཅས་ཁྱབ་བསྒྲགས་བྱས།

རྨ་ལྷོ་ཁུལ་གྱིས་མཐའ་གཅིག་ཏུ་ལྗང་མདོག་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་འབེན་འོས་འགན་ལམ་ལུགས་ནན་ཏན་སྒོས་དངོས་འབེབས་བྱེད་ཀྱིན་ཡོད། ཉིས་སྟོང་བཅུ་དགུ་ལོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་ཐད་དོན་དངོས་ཀྱི་གྲུབ་འབྲས་བླངས་པ་སྟེ། རླུང་ཁམས་ཆེན་མོའི་ཁོར་ཡུག་སྤུས་ཚད་མུ་མཐུད་དུ་ཇེ་ལེགས་དང་བསྟུད་མུར་ཉིན་སུམ་བརྒྱ་དང་ཞེ་གཅིག་ལ་སྤུས་ལེགས་མཁའ་དབུགས་རྣམ་པ་སྲུང་འཛིན་བྱས་ཡོད་ལ། མཁའ་དབུགས་སྤུས་ལེགས་ཚད་གྲངས་བརྒྱ་ཆའི་གོ་བརྒྱད་དང་གྲངས་ཆུང་གསུམ་ལ་སླེབས། ཆུའི་ཁོར་ཡུག་སྤུས་ཚད་ཀྱི་རྣམ་པ་བཟང་པོའང་རྒྱུན་འཁྱོངས་བྱས་པ་དང་། ས་རྒྱུ་སྦགས་བཙོག་བཅོས་སྐྱོང་ཤུགས་ཚད་མུ་མཐུད་དུ་ཇེ་དྲག་ཏུ་བཏང་། ལས་གཞིའི་མ་དངུལ་དོན་ཐོག་ཏུ་འཁྱོལ་ཚད་སྒོར་དུང་ཕྱུར་གཅིག་དུ་ཐོལ་བརྒལ་བྱས་པ་དང་། གྲོང་གསེབ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཡོངས་ཁེབས་རང་བཞིན་མངོན་འགྱུར་བྱས།

རྨ་ལྷོ་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུས་ཀྲང་ལིན་ཀྲན་ཞིན་གྱིས་བསྟན་དོན། རྨ་ལྷོ་ཁུལ་གྱི་སྡེ་ཁག་སོ་སོས་བསམ་བློ་དང་འགུལ་སྐྱོད་དེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱེད་པ་དང་། འདུ་ཤེས་བཞི་ཤུགས་དྲག་དང་ཡིད་རྟོན་བཞི་ཇེ་བརྟན། སྲུང་སྐྱོབ་གཉིས་སྒྲུབ་ཐུབ་པ་བྱེད་དགོས། རང་འགུལ་གྱིས་འགན་འཁྲི་དང་ལེན་བྱེད་པ་དང་། ཚད་མཐོའི་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཡོད་པའི་སྒོ་ནས། མུ་མཐུད་དུ་ཆུ་དང་རླུང་ཁམས་ཆེན་མོ། ས་རྒྱུ་སྦགས་བཙོག་བཅས་ཀྱི་བཅོས་སྐྱོང་སྔོན་འགོག་འཐབ་ཇུས་ལེགས་པོར་སྤེལ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་གི་ལས་གཞི་འཛུགས་སྐྲུན་ཁག་ལ་སྐུལ་འདེད་ནན་ཏན་བཏང་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་བཅོས་གཏོང་དགོས་ལ། རྒྱ་ཆེའི་མང་ཚོགས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་སྐྱིད་ཚད་གྲངས་མཐོར་འདེགས་གཏོང་ཆེད་དོན་དངོས་ཀྱི་བྱས་རྗེས་གསར་བ་འཇོག་དགོས་ཟེར།