གཅིག་སྒྲིལ་རྫོང་གིས2020ལོའི་ཧྲང་ཧེའི་ཁ་གཏད་རོགས་སྐྱོར་ལས་གཞི་གཅིག་བསྡུས་སྒོས་འཛུགས་སྐྲུན་དང་ལག་བསྟར་སླར་གསོ་བྱེད་པའི་མཛད་སྒོ་བསྡུས།
2020.05.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་རོགས་སྐྱོར་འཛུགས་སྐྲུན་ལས་གཞིའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་། ཧྲང་ཧེ་རོགས་སྐྱོར་འཛུགས་སྐྲུན་ལས་གཞིའི་ལོ་ཧྲིལ་བོའི་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་ཆེད། ཟླ་ལྔ་བའི་ཚེས་ཉི་ཤུ་ཡིན། གཅིག་སྒྲིལ་རྫོང་གིས་མཚོ་སྔོན་ལྷོ་ཕྱོགས་ཀྱི་ཕྱུགས་ལས་ཐོན་རྫས་ཉོ་ཚོང་ཚོང་རའི་ཕྱུགས་ལས་ཐོན་རྫས་ལས་སྣོན་ལས་གཞི་བཟོ་སྐྲུན་ཡུལ་དངོས་ནས2020ལོའི་ཧྲང་ཧེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་ལས་གཞི་གཅིག་བསྡུས་སྒོས་འཛུགས་སྐྲུན་དང་ལག་བསྟར་སླར་གསོ་བྱེད་པའི་མཛད་སྒོ་བསྡུས།

རྒྱུས་ལོན་བྱུང་བ་ལྟར་ན། 2020ལོ་ནི་ཧྲང་ཧེ་ཡིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལོ་འཁོར་བཅུ་ལོན་པའི་ལོ་ཡིན། དེའི་སྐབས་སུ། ཧྲང་ཧེ་ཅཱ་ཏེན་ཁུལ་གྱིས་བསྡོམས་པས་རོགས་སྐྱོར་ལས་གཞི་ང་བརྒྱད་ཡོད་པ་དང་། སྤྱི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་དགུ་བཏང་ལ། སྲིད་ཇུས་ཀྱི་རོགས་སྐྱོར་དང་མ་དངུལ་གྱི་རོགས་སྐྱོར། དངོས་ཟོག་རོགས་སྐྱོར། རིག་ནུས་ཀྱི་རྒྱབ་སྐྱོར་སོགས་ཕྱོགས་ནས་གཅིག་སྒྲིལ་རྫོང་ལ་རོགས་སྐྱོར་ཆེན་པོ་བྱས་ཏེ། གཅིག་སྒྲིལ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་ཚིས་ལེགས་བསྒྱུར་བྱེད་པ། མཁར་གྲོང་འཛུགས་སྐྲུན་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བར་སྐུལ་འདེད་བཏང་ཟེར།

ད་ལོར། ཧྲང་ཧེ་ཅཱ་ཏེན་ཁུལ་གྱིས་མུ་མཐུད་དུ་གཅིག་སྒྲིལ་རྫོང་ལ་རོགས་སྐྱོར་བྱེད་པའི་ལས་གཞི་དགུ་དང་ཁུལ་རིམ་པའི་ལས་གཞི་དྲུག གྲོང་རྡལ་རིམ་པའི་འབྱོར་འབྲིང་དུ་བསྐྱོད་པའི་ལས་གཞི་གཅིག་བཅས་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ལས་གཞི་དེ་དག་ཁྲོད་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། སྤྱི་ཚོགས་ལས་དོན་འཕེལ་རྒྱས། གཞི་རིམ་རྩ་འཛུགས་འཛུགས་སྐྲུན། ཤེས་ལྡན་མི་སྣའི་གསོ་སྦྱོང་། བརྗེ་རེས་འགྲོ་འོང་སོགས་འདུ་ལ། རོགས་སྐྱོར་མ་དངུལ་བྱེ་བ་བཞི་དང་ས་ཡ་དྲུག་འབུམ་བདུན་ཁྲི་དྲུག་ལ་སླེབས།