མཚོ་སྔོན་ཞིང་ཆེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་དགུ་བྱེ་བ་ལྔ་ས་ཡ་གསུམ་བྱིན།
2020.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཉེ་ལམ། གསར་འགོད་པས་ཞིང་ཆེན་དམངས་སྲིད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ཚུན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་སྡེ་ཁག་གིས་བྱེད་ཐབས་སྣ་མང་སྤྱད་དེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་ལས་དོན་ཏན་ཏིག་ངང་སྒྲུབ་ནས། རིམས་ནད་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བར་ཐེབས་པའི་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་གང་ཐུབ་བྱས། ཟླ4པའི་ཟླ་མཇུག་བར་ཞིང་ཆེན་ཡོངས་སུ་རིགས་སོ་སོའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་ལྔ་ས་ཡ་གསུམ་བྱིན་པ་དང་། རིམ་རྩིས་བརྒྱབ་ན་རིགས་སོ་སོའི་དཀའ་ངལ་ཡོད་པའི་མང་ཚོགས་ས་ཡ་གཅིག་དང་འབུམ་དྲུག་ཁྲི་ལྔ་སྟོང་དྲུག་ལ་རོགས་སྐྱོར་བྱས་པས། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་ལེན་དྲ་བ་སྔར་ལས་ཇེ་བརྟན་དུ་ཕྱིན་ཡོད་པར་མ་ཟད།ད་དུང་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་ཆེ་རུ་ཕྱིན་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། རིམས་ནད་ཀྱི་ཚད་བགམ་ཆེན་པོའི་མདུན་ནས་ཞིང་ཆེན་ཡོངས་ཀྱི་རིམ་པ་ཁག་གི་དམངས་སྲིད་སྡེ་ཁག་གིས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་བསམ་བློའི་ངོས་འཛིན་གཅིག་གྱུར། སྔོན་ལ་ཇུས་འགོད་དང་བཀོད་སྒྲིག་བཅས་བྱས་ནས། བྱ་སྤྱོད་གཅིག་གྱུར་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་དང་གྲོང་ཁྱེར(ཁུལ)རྫོང(ཆུས)བཅས་ཀྱིས་མཉམ་དུ་བཀོད་སྒྲིག་དང་དོན་འཁྱོལ་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་ཡོད། ལས་ཀའི་རྣམ་པ་གསར་གཏོད་དང་སྒོ་རྩར་ཞབས་འདེགས་ཞུ་བའི་ལམ་སྲོལ་ལག་བསྟར། མ་མཐའི་འཚོ་རྟེན་འགན་སྲུང་གི་འགུལ་རྣམ་དོ་དམ་གནས་སྐབས་མཚམས་འཇོག་བཅས་བྱས། རོགས་སྐྱོབ་ལས་ཀའི་གོ་རིམ་ཇེ་ལེགས་སུ་གཏོང་བ་དང་ཞིབ་བཤེར་མཆན་འགོད་ཀྱི་དུས་བཀག་ཇེ་ཐུང་དུ་གཏོང་བ། དྲ་ཐོག་ཞབས་ཞུའི་ཐབས་ལམ་གེགས་མེད་ཡོང་བ་དང་དྲ་ཐོག་མ་དངུལ་གཏོང་སྤྲོད་ལག་བསྟར་བྱས་པས། སྤྱི་ཚོགས་རོགས་སྐྱོབ་ལས་དོན་གྱི་གོ་ཆོད་རང་བཞིན་ནུས་ལྡན་སྒོས་ཇེ་ཆེར་ཕྱིན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།