ཉེ་ལམ། གསར་འགོད་པས་ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་དྲུག་པའི་ཚེས་གཉིས་ཉིན་བར་རང་ཞིང་གིས་བཟོ་སྐྲུན་ལས་རིགས་ཀྱི་ཉེན་ཚབས་འགན་བཅོལ་ལ་འགན་ལེན་ལ་སྐུལ་འདེད་བཏང་ནས། ཁྱོན་བསྡོམས་བཟོ་སྐྲུན་གྱི་ཉེན་ཚབ་འགན་ལེན་ཁག་སྟོང་གཉིས་དང་དྲུག་བརྒྱ་གོ་གསུམ་བསྒྲུབས་ཏེ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་ཁག་ཐེག་མ་དངུལ་སྒོར་དུང་ཕྱུར་དགུ་དང་བྱེ་བ་ལྔ་ས་ཡ་བདུན་བཏང་ཡོད།
རྒྱུས་ལོན་བྱུང་བ་ལྟར་ན།《མཚོ་སྔོན་ཞིང་ཆེན་གྱི་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞིའི་འཛུགས་སྐྲུན་བཟོ་སྐྲུན་གྱི་ཉེན་ཚབས་འགན་ལེན་ལག་བསྟར་ཇུས་གཞི》ཞེས་པ་ལག་བསྟར་བྱས་པའི་ཚུན་ལ། ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་འཛུགས་སྐྲུན་བཟོ་སྐྲུན་གྱི་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་བ་ཞིག་བཙུགས་ནས། བཟོ་སྐྲུན་གྱི་ཉེན་ཚབས་འགན་ལེན་སོགས་གཙོས་ཚོང་རའི་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པར་མ་ཟད། བཟོ་སྐྲུན་གྱི་ཉེན་ཚབས་འགན་ལེན་གྱི་ཚབ་བྱེད་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས།འཛུགས་སྐྲུན་ལས་ཁུངས་དང་ཨར་ལས་ཁེ་ལས་བར་གྱི་ཁ་ཆད་ལས་འགལ་བའི་བྱེད་སྤྱོད་བཀག་འགོག་ནུས་ལྡན་བྱེད་ཀྱིན་ཡོད་པ་ལས་གཞན། བཟོ་སྐྲུན་གྱི་ཉེན་ཁ་སྔོན་འགོག་དང་འགལ་རྐྱེན་ཅི་རིགས་སེལ་ཐབས་བྱས་ནས། བཟོ་སྐྲུན་གྱི་སྤུས་ཚད་དང་ཨར་ལས་ཀྱི་བདེ་འཇགས་ལ་འགན་སྲུང་ནུས་ལྡན་བྱེད་ཀྱིན་ཡོད། དེ་མིན་ད་དུང་ཨར་སྐྲུན་ཁྲོམ་རའི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་བཏང་ནས། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་ཏན་ཏིག་གཏོང་གིན་ཡོད་ཅིང་། སྲིད་ཇུས་ཀྱི་ཁྲིད་སྟོན་དང་ཚོང་ར་ཅན་གྱི་འཁོར་སྐྱོད་ཟུང་འབྲེལ། སྲིད་གཞུང་གི་སྐུལ་སྤེལ་དང་ཁེ་ལས་ཀྱི་རང་བདག་གདམ་གསེས་ཟུང་འབྲེལ། འཛུགས་སྐྲུན་བཟོ་སྐྲུན་ལས་གཞིའི་ཕྱོགས་སོ་སོའི་བྱེད་པོའི་ཧུར་སེམས་ལ་སྐུལ་སློང་གང་ལེགས་བྱས་ནས། ཚོང་རའི་ཐོན་ཁུངས་བཀོད་སྒྲིག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པར་འབད་དེ། སྲིད་ཇུས་ཀྱི་ཁོར་ཡུག་ལེགས་པོ་དང་འདྲ་མཉམ་གྱི་འགྲན་རྩོད་ཁོར་ཡུག་བསྐྲུན་དང་སྐྲུན་བཞིན་ཡོད།
ཞིང་ཆེན་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཐིན་གྱིས་འཛུགས་སྐྲུན་བཟོ་སྐྲུན་གྱི་ཉེན་ཚབས་འགན་ལེན་ལམ་ལུགས་ཚོད་ལྟ་བྱས་པ་བརྒྱུད་དེ། འཛུགས་སྐྲུན་བཟོ་སྐྲུན་གྱི་ཁག་ཐེག་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས་ལ། དེ་བཞིན་ཞབས་ཞུ་དང་དོ་དམ། ལག་རྩལ་བཅས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། ཉེན་ཚབས་ཀྱི་སྤྱི་ཚོགས་དོ་དམ་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། སྔོན་ལ་ཞིང་ཆེན་ནང་ཁུལ་དུ་ཁྲིམས་ལྟར་ངེས་པར་དུ་ཚད་བཏོན་སྒྲུབ་འགན་སྤྲོད་དགོས་པའི་རྒྱལ་ཁབ་ཀྱིས་མ་དངུལ་བཞག་པའི་ཁང་པའི་བཟོ་སྐྲུན་དང་གྲོང་ཁྱེར་འཛུགས་སྐྲུན་བཟོ་སྐྲུན་ལས་གཞིའི་ཁྲོད་ནས་འཛུགས་སྐྲུན་བཟོ་སྐྲུན་གྱི་ཉེན་ཚབས་འགན་ལེན་ཚོད་ལྟ་བྱེད་འགོ་རྩོམ་དགོས། ཉམས་མྱོང་གསོག་འཇོག་དང་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཉེན་འགོག་འགན་ལེན་གྱི་ཡིད་དབང་འགུག་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས། འཛུགས་སྐྲུན་བཟོ་སྐྲུན་གྱི་ཉེན་ཚབས་འགན་ལེན་བརྟན་པོའི་ངང་ཁྱབ་སྤེལ་ཧུར་ཐག་གཏོང་དགོས་ཟེར།
བན་དེ་སྐྱབས་ཀྱིས་བསྒྱུར།