བོད་རིག་གནས་ཡུས་ཧྲུའུ་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་འཛུགས་སྐྲུན་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
2020.06.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

2017ལོར་བོད་རིག་གནས་ཡུས་ཧྲུའུ་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་བཙུགས་པའི་ཚུན་དུ། ཏན་ཏན་ཏིག་ཏིག་གིས་རྨང་གཞི་བརྟན་པོ་བཏིངས་པ་དང་། ཕྱོགས་མང་པོས་མཉམ་དུ་གྲུབ་ཚུལ་ལེགས་སྒྲིག་བྱས་པ་བརྒྱུད་དེ། ཚོད་ལྟ་ཁུལ་གྱི་ཐོག་མའི་འཛུགས་སྐྲུན་ཐད་ནས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ལོ་གསུམ་རིང་ལ། བོད་རིག་གནས་ཡུས་ཧྲུའུ་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་གྱིས་རང་འགུལ་གྱིས་དཀར་གཡང་ཞང་བོད་ཡིག་ཡིག་གཟུགས་དང་ཡུས་ཧྲུའུ་གྱོན་ཆས་བཟོ་རྩལ་སོགས་ཐང་ཀ་སྒྱུ་རྩལ་སོགས་གཟུགས་འདས་རིག་གནས་ལས་གཞི་རྒྱུན་འཛིན་གསོ་སྦྱོང་བྱ་འགུལ་སྤེལ་བ་མ་ཟད། རིག་གནས་པུའུ་དང་སློབ་གསོ་པུའུ་ཡི་ཟབ་སྦྱོང་འཆར་འགོད་ལ་ཞུགས་ནས། སྔ་གཞུག་ཏུ་ཐང་ཀ་དང་བསླས་འཐག་སྒྱུ་རྩལ་རིགས་ཀྱི་ལས་གཞིའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་ལྔ་བཅུ་ལྷག་བདམས་ནས་ཆིན་ཧྭ་སློབ་ཆེན་མཛེས་རྩལ་སློབ་གླིང་སོགས་མཐོ་རིམ་སློབ་ཆེན་གྱིས་བསྡུས་པའི་གསོ་སྦྱོང་ལ་ཞུགས། དེ་དང་མཉམ་དུ། ཚོད་ལྟ་ཁུལ་ནང་ཁུལ་རིམ་པའི་གཟུགས་འདས་རིག་གནས་ཁྲིད་སྦྱོང་ཁང་ཉེར་གཉིས་དང་། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཁྲིད་སྦྱོང་རྟེན་གཞི་གཉིས་བཙུགས་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་གཟུགས་འདས་རིག་གནས་མྱོང་ཚོར་ལྟེ་གནས་ཐོག་མ་འཛུགས་པར་རྒྱབ་སྐྱོར་བྱས་ཏེ། ཚོད་ལྟ་ཁུལ་གྱི་གཟུགས་འདས་རིག་གནས་ཀྱི་རྒྱུན་འཛིན་པས་ལག་རྩལ་ཁྲིད་སྦྱོང་བྱེད་པའི་སྟེགས་བུ་སྔར་ལས་མང་པོ་འདོན་སྤྲོད་བྱས་པར་མ་ཟད། གཟུགས་འདས་རིག་གནས་ལས་གཞི་སློབ་རར་བསྐྱོད་པ་དང་སྡོད་ཁུལ་དུ་བསྐྱོད་པའི་བྱ་འགུལ་སྤེལ་བ་བརྒྱུད་དེ་སྲོལ་རྒྱུན་རིག་གནས་ཀྱི་རང་ཉིད་རྒྱུན་འཛིན་ནུས་པ་ཇེ་དྲག་ཏུ་བཏང་། རིག་གནས་སྣང་ཚུལ་ཇེ་སྟུག་ཏུ་གཏོང་ཆེད། ཚོད་ལྟ་ཁུལ་གྱིས་ད་དུང་རིག་གནས་འགྲེམ་སྟོན་བྱ་འགུལ་སྤེལ་ནས། གཟུགས་འདས་རིག་གནས་ཀྱི་བརྩམས་ཆོས་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་སྤྱོད་པ་དང་། རྒྱལ་དབང་རྟེན་མཛོད་གླིང་རྨང་གཞི་རུ་བྱེད་པ་དང་དམངས་སྒྲུབ་རྟེན་མཛོད་གླིང་ཟུར་རོགས་ཏུ་བྱེད་པའི་རིག་གནས་རྟེན་མཛོད་གླིང་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་སྤྱད་དེ། ཡུས་ཧྲུའུ་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱས་པ་དང་རིག་གནས་རྨང་གཞི་བརྟན་པོ་བཏིངས།