ཟླ་དྲུག་པའི་ཚེས་དྲུག་ཉིན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་། ཞིང་ཆེན་རྨ་ཁོག་གཙང་པོ་ནགས་ལས་ཅུའུ་བཅས་ཀྱིས་གཙོ་གཉེར་བྱས་པའི“མདོག་གསུམ་པད་མ”ཞེས་པའི་བོད་ཇའི་ལོ་མ་བཏོག་པའི་དུས་ཆེན་སྐབས་གཉིས་པ་རྨ་ཁོག་ནགས་ར་ནས་བསྡུས།
ཉེ་བའི་ལོ་འདི་འགའི་རིང་། པད་མ་རྫོང་གིས་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་ལྗང་མདོག་སྐྱེ་ཁམས་དང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་ཁུངས་སོགས་ཀྱི་ལེགས་ཆ་སྤྱད་དེ། ས་གནས་རང་གི་ཁྱད་ཐོན་དངོས་རྫས་གྲགས་ཅན་བོད་ཇའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། རིམ་རྩིས་བྱས་ན་དབུལ་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་བརྒྱད་བཏང་ནས་བོད་ཀྱི་ཇ་ལོ་འདེབས་འཛུགས་དང་ཐོན་སྐྱེད་ལས་སྣོན། ཕྱིར་བཙོང་བཅས་གཞི་གཅིག་ཏུ་འདུས་པའི་པད་མ་རྫོང་བོད་ཇ་ཐོན་ལས་གསར་སྤེལ་ཚད་ཡོད་འགན་གཉེར་ཀུང་ཟི་བཙུགས་ཡོད། ཀུང་ཟི་དང་འབྲོག་ཁྱིམ།རྟེན་གཞི་བཅས་གཞི་གཅིག་ཅན་དང་། ཀུང་སི་དང་མཉམ་ལས་ཁང་། འབྲོག་ཁྱིམ་ཟུང་འབྲེལ་བཅས་ཀྱི་རྣམ་པ་གཙོ་བོ་ཡིན་པའི་དབུལ་སྐྱོར་ཐོན་ལས་སྦྲེལ་ཐག་གི་རྣམ་པ་རིམ་བཞིན་གྲུབ་ཡོད། མིག་སྔར་ས་ཁྱོན་ལ་སྤྱི་ཆིང་སྟོང་གཅིག་དང་ཉིས་བརྒྱ་གསུམ་ཡོད་པའི་བོད་ཇ་འདེབས་འཛུགས་རྟེན་གཞི་ལེགས་པོ་ཞིག་བསྐྲུན་ཡོད། ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར། བོད་ཇ་ཀུང་ཟིས་བོད་ཇ་ཏུན་བཅུ་དགུ་དང་གྲངས་ཆུང་གཅིག་ཉོ་སྒྲུབ་བྱས་ཡོད་ཅིང་། བོད་ཇ་ཏུན་བདུན་དང་གྲངས་གསུམ་ཐོན་སྐྱེད་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།