མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ཆེས་ཐོག་མའི་འདབ་ཆགས་རིགས་ཀྱི་པར་རིས་འགྲེམ་སྟོན་བྱ་འགུལ་མཚོ་སྔོན་ནས་སྤེལ།
2020.06.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དངོས་འབེབས་དོན་འཁྱོལ་དང་། མཚོ་སྔོན་དེ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དུ་བསྐྲུན་པར་སྐུལ་འདེད་ཧུར་ཐག་གཏོང་ཆེད། ཉེ་ལམ། ཞིང་ཆེན་ནགས་ཚལ་རྩྭ་ཐང་ཅུས་ཀྱིས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་དང་། མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུའུ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ།  མཚོ་སྔོན་ཞིང་ཆེན་པར་ལེན་མཐུན་ཚོགས་སོགས་སྡེ་ཁག་དང་མཉམ་སྒྲུབ་ཀྱིས་མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་གྱི་ཆེས་ཐོག་མའི་འདབ་ཆགས་རིགས་ཀྱི་པར་རིས་འགྲེམ་སྟོན་བྱ་འགུལ་སྤེལ།

ཐེངས་འདིའི་པར་རིས་འགྲེམ་སྟོན་སྟེང་སྔ་གཞུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་པར་ལེན་མཁན་དྲུག་ཅུ་ལྷག་གིས་བླངས་པའི་འདབ་ཆགས་པར་རིས་བཞི་སྟོང་བརྒྱད་བརྒྱ་ལྷག་བསྡུ་ལེན་བྱས་ཡོད་པ་དང་། ཆེད་མཁས་པས་ཞིབ་དཔྱད་བྱས་པ་བརྒྱུད་འདབ་ཆགས་རིགས་ཉིས་བརྒྱ་དང་དྲུག་ཅུ་ལྷག་བདམས་ནས། པར་རིས་བདུན་བརྒྱ་ལྷག་འགྲེམ་སྟོན་བྱས། འགྲེམ་སྟོན་ཁུལ་བཞི་རུ་བགོས་ཡོད་དེ། རི་བྱའི་མཛེས་ཉམས་མངོན་པའི་འགྲེམ་ཁུལ་དུ་པར་རིས་བརྒྱ་དང་ཉེར་གསུམ་དང་། འདབ་ཆགས་སྐྱེ་ཁམས་འགྲེམ་ཁུལ་དུ་པར་རིས་ཉིས་བརྒྱ་དང་རེ་དྲུག། འདབ་ཆགས་ངོས་འཛིན་འགྲེམ་ཁུལ་དུ་པར་རིས་ཉིས་བརྒྱ་དང་གཅིག  མཐོང་དཀོན་ཞིང་རྩ་ཆེའི་རིགས་ཀྱི་འདབ་ཆགས་འགྲེམ་ཁུལ་དུ་པར་རིས་བརྒྱ་དང་བཅུ་དགུ་བཅས་ཡོད།

རང་ཞིང་གི་ས་རྒྱ་ཆེ་ཞིང་སྐྱེ་ཁམས་ཁོར་ཡུག་ཕུན་སུམ་ཚོགས་པས་འདབ་ཆགས་རིགས་སྣ་ཚོགས་ལ་འཚོ་སྡོད་ཁོར་ཡུག་འོས་འཚམ་ཞིག་འདོན་སྤྲོད་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་འདབ་ཆགས་རིགས་སུམ་བརྒྱ་བརྒྱད་ཅུ་ཡོད་ལ། རྒྱལ་ཡོངས་འདབ་ཆགས་རིགས་ཀྱི་སྤྱི་གྲངས་ལས་བརྒྱ་ཆའི་ཉེར་བརྒྱད་ཟིན་ཡོད། མཐོ་སྒང་གི་འདབ་ཆགས་རིགས་སྲུང་སྐྱོབ་དང་། ལྷག་པར་དུ་རྒྱལ་ཡོངས་མ་ཟད་འཛམ་གླིང་སྟེང་སྲུང་སྐྱོབ་རིན་ཐང་ལྡན་པའི་དུས་བསྟུན་བྱ་རིགས་ལ་སྲུང་སྐྱོབ་བྱེད་པར་དོན་སྙིང་གལ་ཆེན་དང་འགན་འཁྲི་ལྗིད་མོ་ཡོད།

ཐེངས་འདིར་འདབ་ཆགས་རིགས་ཀྱི་པར་རིས་འགྲེམ་སྟོན་བྱས་པ་ནི། ལོ་བཅུ་ཕྲག་ཁ་ཤས་རིང་རང་ཞིང་གི་འདབ་ཆགས་ལ་བལྟ་ཞིབ་བྱེད་མཁན་དང་འདབ་ཆགས་ལ་དགའ་མཁན་དག་གིས་དཔྱད་ཞིབ་བྱས་པའི་གྲུབ་འབྲས་མངོན་ལྟངས་ཤིག་དང་། གཙོ་བོ་སྔར་ལས་ལྷག་པའི་སྒོ་ནས་དམངས་ཡོངས་ཀྱིས་འདབ་ཆགས་རིགས་སྲུང་སྐྱོབ་འདུ་ཤེས་དང་། མྱོང་རོལ་འདུ་ཤེས། གཅེས་སྐྱོང་བྱེད་པའི་འདུ་ཤེས་བཅས་ཇེ་མཐོར་གཏོང་རྒྱུ་དེ་ཡིན།