མཚོ་སྔོན་ཞིང་ཆེན་དུ་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ལས་སྟོབས་ཆེན་གྲོང་རྡལ་བཞི་ཡིས་ཇེ་མང་དུ་སོང་།
2020.06.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ་གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་ཧུའུ་ཀྲུའུ་རྫོང་ཐང་ཁྲོན་གྲོང་རྡལ་དང་། ཏུའུ་ལན་རྫོང་གི་པཎ་ཆེན་ཤིང་སྡེ་གྲོང་རྡལ། ཀོས་ནན་རྫོང་གི་ཐར་ཤུལ་ཡུལ་ཚོ། ཞིན་ཧའེ་རྫོང་གི་ཧོལ་ཁ་གྲོང་རྡལ་བཅས་རྒྱལ་ཡོངས་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ལྡན་དུ་རེ་ཞུ་བྱས་པ་ལེགས་འགྲུབ་བྱུང་། དེ་ནི་ཉིས་སྟོང་བཅོ་བརྒྱད་ལོར་རྒྱལ་ཁབ་ཀྱིས་ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་མགོ་བརྩམས་པའི་ཚུན་ལ། མཚོ་སྔོན་གྱིས་ལོ་གཉིས་ལ་བསྟུད་མར་ཡུལ་ཚོ་དང་གྲོང་རྡལ་ལྔ་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་ལས་སྟོབས་ཆེན་གྲོང་རྡལ་གྱི་ལས་གཞིའི་ཁྲོད་ཚུད་པར་སྙན་ཞུ་ཕུལ་བ་ལེགས་འགྲུབ་བྱུང་རྗེས་ཀྱི་ཐོད་བརྒལ་གསར་པ་ཞིག་ཡིན།

ཤེས་རྟོགས་བྱུང་བ་ལྟར་ན། རེ་ཞུ་ལེགས་འགྲུབ་བྱུང་རྗེས། ཀྲུང་དབྱང་ནོར་སྲིད་ཀྱིས་ཐོན་ལས་སྟོབས་ཆེན་གྲོང་རྡལ་རེར་མ་དངུལ་སྒོར་བྱེ་བ་གཅིག་བཏང་ནས། མ་དངུལ་དེ་དག་སྔོ་ཚལ་དང་ནས། ནོར་གནག གཟན་རྩྭ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྤྱོད་རྒྱུ་རེད། མ་འོངས་པར་མཚོ་སྔོན་ཞིང་ཆེན་གྱིས་ཡུལ་ཚོ་དང་གྲོང་རྡལ་ཁག་གི་གཙོ་ཁྲིད་ཐོན་ལས་གཅིག་ནས་གཉིས་བར་ལ་དམིགས་བཙུགས་ཏེ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་སྡུད་བྱས་ནས་གསར་གཏོད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་འཛུགས་སྐྲུན་དང་རིན་ཐང་ཡོངས་ཀྱི་འབྲེལ་ཐག་གསར་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཐོན་སྐྱེད་རྟེན་གཞི་དང་གསོག་ཉར་གསར་ཤོས་ཡོང་བར་བྱེད་པ། ལས་སྣོན་ཚོང་གཉེར་སོགས་སྒྲིག་བཀོད་དང་སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས། ཐོན་ལས་མཉམ་འདྲེས་ཀྱི་གཙོ་ཤུགས་སྐྱེད་སྲིང་དང་ཁེ་ཕན་མཉམ་འབྲེལ་ལམ་སྲོལ་གསར་གཏོད། དབུལ་ཐར་མཁྲེགས་གཏོར་ལ་རྒྱུན་མཐུད་ངང་རམ་འདེགས་བྱས་ཏེ། གཙོ་ཁྲིད་ཐོན་ལས་མངོན་གསལ་དོད་པ་དང་། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་ཟབ་སྤེལ་བྱེད་པ། གསར་གཏོད་ལས་བསྐྲུན་འཁྲུག་ཆ་དོད་པ། ཐོན་ལས་སྡེ་བ་དང་ཐོན་ལས་གྲོང་ཁྱེར་གཞི་གཅིག་ཅན་བཅས་ཀྱི་ཞིང་ལས་ཐོན་ལས་སྟོབས་ཆེན་གྱི་གྲོང་རྡལ་བསྐྲུན་ཅི་ཐུབ་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ལ་དཔེ་སྟོན་སྣེ་ཁྲིད་བྱེད་རྒྱུ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།