མཚོ་སྔོན་ཞིང་ཆེན་གྱིས་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་དོ་དམ་བྱེད་ཐབས་ཕྱིར་བཏོན།
2020.06.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ལམ། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་ཚོད་ལྟའི་དོ་དམ་བྱེད་ཐབས་ཕྱིར་བཏོན་ནས། སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང་དོ་དམ། འཁོར་རྒྱུག་དང་ཞབས་ཞུ་སོགས་ཐད་ནས་རེ་བ་གསལ་བོ་བཏོན།

དོ་དམ་བྱེད་ཐབས་ནང་། སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་འཛུགས་སྐྲུན་དང་དོ་དམ་དེ་ས་དེའི་སྲིད་གཞུང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ཁྲོད་འཇོག་པ་དང་། རྫོང་རིམ་པའི་རིག་གནས་དང་གནས་སྐོར་ཆེད་བསྐོས་སྡེ་ཁག་གིས་བྱེ་བྲག་བྱ་བར་མཛུབ་སྟོན་བྱེད་པར་འགན་ཁུར་བ། ཞང་དང་གྲོང་རྡལ་སྲིད་གཞུང་གིས་བྱེ་བྲག་གི་དོ་དམ་བྱ་བར་འགན་ཁུར་བ། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཉིན་རྒྱུན་གྱི་འཁོར་རྒྱུག་དོ་དམ་ལ་འགན་འཁུར་དགོས། རྫོང་རིམ་པའི་རིག་གནས་ཁང་དང་དཔེ་མཛོད་ཁང་། ཞང་དང་གྲོང་རྡལ་ཕྱོགས་བསྡུས་རིག་གནས་ས་ཚིགས་བཅས་ཀྱིས་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ནས་ལས་སྒོ་མཛུབ་སྟོན་དང་ཟུར་ཁྲིད་སོགས་བྱ་བ་སྤེལ་དགོས་ཞེས་བསྟན་ཡོད།

སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་ཞབས་ཞུ་རྣམ་པ་དང་ནང་དོན་ཁྲོད་གཙོ་བོར་རིགས་མི་འདྲ་བའི་འགྲེམ་སྟོན་དང་འཆད་ཁྲིད་གསོ་སྦྱོང་། དཔེ་ཀློག ཚན་རིག་ཁྱབ་གདལ་སོགས་འདུ་ལ། ལོ་རེར་ཆེས་ཉུང་ན་ཡང་ཐེངས་བཞིའི་ཡན་གྱི་མང་ཚོགས་རིག་གནས་ལུས་རྩལ་བྱ་འགུལ་སྤེལ་བ་དང་། རིག་གནས་དོ་དམ་པ་གཅིག་བཀོད་སྒྲིག་བྱས་ནས། ས་ཁུལ་གསུམ་གྱི་ཤེས་ལྡན་མི་སྣ་དང་རོགས་གསུམ་སྐྱོར་གཅིག་གི་སློབ་ཆེན་མཐར་ཕྱིན་སློབ་མ་དང་ཞིང་སྡེའི་རིག་གནས་དང་བླངས་པ་བཅས་སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་བྱ་བའི་ཁྲོད་ཞུགས་པར་སྐུལ་སློང་བཏང་།

2016ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་འཛུགས་སྐྲུན་དང་བོད་ཁུལ་གྱི་སྡེ་བ་རིམ་པའི་རིག་གནས་བྱ་འགུལ་ཁང་འཛུགས་སྐྲུན། མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་སོགས་ལས་གཞི་ལག་བསྟར་བྱས་པ་བརྒྱུད་དེ། ཞིང་ཆེན་ཡོངས་སུ་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཡོངས་སུ་ཁེབས་པར་བྱེད་པ་མངོན་འགྱུར་བྱས། དོ་དམ་བྱེད་ཐབས་ལག་བསྟར་བྱས་རྗེས། མཚོ་སྔོན་ཞིང་ཆེན་གྱི་སྡེ་བ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་ཀྱི་དོ་དམ་ཆུ་ཚད་དང་འཁོར་རྒྱུག་ཕན་ནུས་ཇེ་དྲག་དང་མཐོར་འདེགས་གཏོང་བ་དང་། གཞི་རིམ་རིག་གནས་གཡུལ་སའི་ནུས་པ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་བ། རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། ཞིང་སྡེ་དཔལ་ཡོན་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་སྙིང་སྟོབས་ཆེར་སྐྱེད་པ། སྡེ་དམངས་ཀྱི་གོང་བུར་སྒྲིལ་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་ཀྱི་ཐད་ནུས་པ་ཆེན་པོ་འདོན་ཐུབ།

ལོ་ཙཱ་བ། རིན་ཆེན་མཚོ།