མཚོ་སྔོན་ཞིང་ཆེན་གྱིས་ལས་ཤོར་འགན་བཅོལ་འགན་སྲུང་བྱེད་རྒྱ་ཆེ་རུ་བཏང་ནས་ཆ་རྐྱེན་འཛོམས་པའི་འགན་བཅོལ་ནང་ཞུགས་པའི་ལས་ཤོར་མི་སྣར་ཟླ་བ་དྲུག་གི་ལས་ཤོར་ཁ་གསབ་རོགས་དངུལ་སྤྲད།
2020.07.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས《ལས་ཤོར་འགན་བཅོལ་གྱི་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་པའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བརྡ་ཐོ》ཞེས་པ་དཔར་འགྲེམས་བྱས་ཏེ། དུས་རིམ་རང་བཞིན་གྱི་ལས་ཤོར་ཁ་གསབ་མ་དངུལ་སྲིད་ཇུས་ལག་བསྟར་དང་། འགན་བཅོལ་ལ་ཞུགས་པའི་ལས་ཤོར་ཞིང་པ་ཞོར་ལས་པའི་འགན་སྲུང་ཁྱབ་ཁོངས་རྒྱ་བསྐྱེད་པ་སོགས་ཀྱི་ཐད་ནས་བྱེ་བྲག་གི་བྱེད་ཐབས་བཏོན། ལྷག་པར་དུ་ཆ་རྐྱེན་འཛོམས་པའི་འགན་བཅོལ་ནང་ཞུགས་པའི་ལས་ཤོར་མི་སྣར་ཟླ་བ་དྲུག་གི་ལས་ཤོར་ཁ་གསབ་རོགས་དངུལ་སྤྲད་ཡོད།

《བརྡ་ཐོའི》ནང་མངོན་གསལ་སྒོས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པ་ནས་ཟླ་བཅུ་གཉིས་པའི་བར་ལས་ཤོར་འགན་བཅོལ་མ་དངུལ་ལེན་ཚད་ལོངས་ནའང་། སྔར་བཞིན་ལས་ཞུགས་མ་བྱས་པའི་ལས་ཤོར་མི་སྣ་དང་། དེ་བཞིན་ཉིས་སྟོང་ཉི་ཤུ་ལོའི་ཟླ་གསུམ་པ་ནས་ཟླ་བཅུ་གཉིས་པའི་བར་གསར་སྣོན་བྱས་པའི་ལས་ཤོར་འགན་བཅོལ་མ་དངུལ་ལེན་རྒྱུའི་ཆ་རྐྱེན་དང་མི་མཐུན་པའི་འགན་བཅོལ་ནང་ཞུགས་པའི་ལས་ཤོར་མི་སྣས། ཟླ་བ་དྲུག་གི་ལས་ཤོར་ཁ་གསབ་རོགས་དངུལ་རེ་ཞུ་བྱས་ནས་ལེན་ཆོག་པ་དང་། དེའི་ཚད་གཞི་ནི་མཚོ་སྔོན་ཞིང་ཆེན་གྱི་ལས་ཤོར་འགན་བཅོལ་མ་དངུལ་གྱི་བརྒྱ་ཆའི་བརྒྱད་ཅུ་ཡིན། དུས་མཚུངས་སུ་ཉིས་སྟོང་ཉི་ཤུ་ལོའི་ཟླ་ལྔ་པ་ནས་ཟླ་བཅུ་གཉིས་པའི་བར་དུ། ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་འགན་བཅོལ་ནང་ཞུགས་ནས་ལོ་གཅིག་མ་སོང་བའི་ལས་ཤོར་ཞོར་ལས་པར《ཉིས་སྟོང་ཉི་ཤུ་ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མཐོ་རུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་གཏན་འབེབས་བྱས་པའི་འགན་བཅོལ་ནང་ཞུགས་ཡུལ་གྱི་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཚད་གཞི་གཞིར་བཟུང་ནས།   ཟླ་རེར་ཟླ་བ་གསུམ་གྱི་གནས་སྐབས་འཚོ་བའི་ཁ་གསབ་སྤྲོད་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་གྱིས་འགན་འཁྲི་འཁུར་སེམས་དང་མཁོ་གནད་ཆེ་བའི་འདུ་ཤེས་འཛིན་ཤུགས་ཆེ་རུ་ཏན་ཏིག་བཏང་ནས། གཏོང་དགོས་རིགས་ཚང་མ་ཐོན་པ་དང་འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པའི་དམིགས་ཚད་ལས་འགན་ལ་དམིགས་ཏེ། སྒྲུབ་གཉེར་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་དང་བདེན་དཔང་གི་རྒྱུ་ཆ་ཇེ་ཉུང་དུ་གཏོང་བ། ཟུར་སྣོན་ཆ་རྐྱེན་མེད་པར་བཟོ་བ། དམིགས་བསལ་གྱི་བྱ་བ་དམིགས་བསལ་གྱིས་སྒྲུབ་པ་དང་འཕྲལ་དོན་མྱུར་སྒྲུབ་བཅས་བྱས་ནས། ཁྱབ་རྒྱ་ཆེ་རུ་གཏོང་བའི་སྲིད་ཇུས་སྔ་མོ་ནས་དོན་ཐོག་ཏུ་འཁྱོལ་ཐུབ་པ་དང་ལས་ཤོར་མི་སྣར་སྔ་མོ་ནས་ཕན་པ་ཐོབ་ཐུབ་པར་བྱེད་ཀྱིན་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།