རྒྱལ་ཡོངས་ཀྱི་ས་ཆ་མང་པོས་མཚོ་སྔོན་གྱི་འཐེན་ཐུག་ལས་ཞུགས་མི་སྣའི་ལས་ཐོན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས།
2020.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་ཚུན་དུ། ཐེན་ཅིན་དང་ཧྲིན་ཀྲིན་སོགས་ས་ཆས་སེམས་ཤུགས་གཉིས་འདོན་གྱིས་ས་དེ་རུ་འཐེན་ཐུག་བྱ་བ་སྒྲུབ་པའི་མཚོ་སྔོན་གྱི་ལས་ཞུགས་མི་སྣས་ལས་ཀ་སླར་གསོ་དང་ཚོང་གཉེར་བྱེད་པ་དང་། དཀའ་གནད་ཐག་གཅོད་པར་རོགས་རམ་བྱས། མིག་སྔར། ཐེན་ཅིན་དང་ཧྲིན་ཀྲིན་སོགས་ས་ཆའི་མཚོ་སྔོན་གྱི་མི་སྣས་གཉེར་བའི་འཐེན་ཐུག་ཟ་ཁང་བརྒྱ་ཆའི་དགུ་བཅུའི་ཡན་ཡང་བསྐྱར་ལས་གཉེར་བྱེད་འགོ་བརྩམས་པ་དང་། འབྲེལ་ཡོད་ཀྱི་ལས་གཉེར་མི་སྣ་ཡང་ལས་རྐང་སྟེང་ཞུགས།

དུས་ཚིགས་དང་པོའི་ཚུན་དུ། ཞིང་ཆེན་གཞན་པ་རུ་ཚོང་གཉེར་བྱེད་བཞིན་པའི་མཚོ་སྔོན་གྱི་འཐེན་ཐུག་ཟ་ཁང་ཡོངས་རྫོགས་སྒོ་བརྒྱབ་པ་དང་། ལས་ཞུགས་མི་སྣ་མང་པོ་ཚོང་གཉེར་ས་ཆ་ནས་ཕྱིར་མཚོ་སྔོན་དུ་ལོག་པས། ལས་ཐོན་སླར་གསོ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་དཀའ་ཁག་ལ་འཕྲད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཕྱི་རུ་འཐེན་ཐུག་བྱ་བ་སྒྲུབ་མཁན་གྱི་མཚོ་སྔོན་གྱི་ལས་ཞུགས་མི་སྣའི་ལས་ཐོན་སླར་གསོ་དང་འཚོ་བའི་དཀའ་ངལ་ལ་ཧ་ཅང་མཐོང་ཆེན་བྱས་པ་དང་། ཐེན་ཅིན་དང་ཧྲིན་ཀྲིན་སོས་ཞིང་ཆེན་དང་གྲོང་ཁྱེར་དྲུག་གིས་མཚོ་སྔོན་གྱི་འཐེན་ཐུག་བྱ་བ་སྒྲུབ་མཁན་གྱི་མི་སྣའི་དཀའ་ཁག་དངོས་ཐག་གཅོད་པར་རོགས་བྱེད་པའི་སྐོར་གྱི་འཕྲིན་ཡིག་བསྐུར།

ཐེན་ཅིན་གྲོང་ཁྱེར་གྱིས་ཕྱོགས་མང་པོའི་ཐད་ནས་མཚོ་སྔོན་གྱི་མི་སྣས་གཉེར་བའི་འཐེན་ཐུག་ཟ་ཁང་གིས་ཡང་བསྐྱར་ཚོང་གཉེར་བྱེད་པར་རོགས་བྱས་པ་དང་། ཁང་གླ་ཇེ་ཉུང་དུ་གཏོང་བ་དང་ཁྲལ་བསྡུ་མེད་པར་བཟོ་བ། སྤྱི་ཚོགས་འགན་སྲུང་དངུལ་སྤྲོད་དུས་ཚོད་ཕྱིར་བསྣུར་བྱེད་པ། ལས་སྐྲུན་དངུལ་བུན་གྱི་སྐྱེད་ཀ་མེད་པར་བྱེད་པ་སོགས་ཀྱི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེན་པོ་འདོན་སྤྲོད་བྱས། མིག་སྔར། བསྡོམས་པས་རྒྱལ་དབང་རྒྱུ་ནོར་ཚོང་གཉེར་ཁང་བ་དང་སྒེར་གཉེར་འཐེན་ཐུག་ཟ་ཁང་གི་ཁང་གླ་སྒོར་འབུམ་གཅིག་དང་ཁྲི་བདུན་སྟོང་ལྔ་ཇེ་ཉུང་དུ་བཏང་བ་དང་། འཐེན་ཐུག་ཁང་བདུན་གྱིས་ཟ་ཁང་ཡོད་སའི་གཞིས་ཁུལ་ལ་ལས་སྐྲུན་དངུལ་བུན་ལེན་རྒྱུའི་ཡིག་ཐོག་སྙན་ཞུ་ཕུལ།

དེ་དང་མཉམ་དུ། བྱིས་པ་སློབ་ཞུགས་བྱེད་དཀའ་བའི་གནད་དོན་ཐག་བཅད་དེ། སྲིད་ཇུས་དང་མཐུན་པའི་ཧྲིན་ཀྲིན་དུ་ཡོད་པའི་མཚོ་སྔོན་གྱི་འཐེན་ཐུག་བྱ་བ་སྒྲུབ་མཁན་གྱི་མི་སྣའི་བྱིས་པ་ཚང་མ་སློབ་གྲྭར་ཞུགས་ཐུབ་པར་ཁག་ཐེར་བྱས་པ་དང་། མཚོ་སྔོན་གྱི་འཐེན་ཐུག་བྱ་བ་སྒྲུབ་མཁན་གྱི་བྱིས་པའི་འཛིན་བྱང་བསྒྲུབ་པར་མཛུབ་ཁྲིད་བྱས་ནས། སློབ་གྲྭར་ཞུགས་པའི་ཆ་རྐྱེན་དང་མཐུན་པར་བྱས། 

ལོ་ཙཱ་བ། རིན་ཆེན་མཚོ།