ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་འགྲེམ་སྤེལ་ལག་བསྟར་བྱས་ནས་ལོ་འཁོར་སོ་ལྔ་ལོན་པའི་ལོ་ཡིན་པ་དང་། ཉེ་ལམ། བརྗོད་དོན་ལ་ཁྲིམས་ལྟར་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་པ་དང་། མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་རྩྭ་ཐང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་ཟླ་བའི་བྱ་འགུལ་མཛེས་སྡུག་གི་མཚོ་སྔོན་པོའི་འགྲམ་དུ་བསྡུས་ནས། རྩྭ་ཐང་གི་བཅའ་ཁྲིམས་དྲིལ་སྒྲོག་བྱས་པ་དང་། རྩྭ་ཐང་གི་སྲུང་སྐྱོབ་ཤེས་བྱ་ཁྱབ་གདལ་དུ་བཏང་ལ། སྤྱི་ཚོགས་ཡོངས་ཀྱིས་ཁྲིམས་ལྟར་རྩྭ་ཐང་སྲུང་སྐྱོབ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་།
ཉིན་དེའི་བྱ་འགུལ་ཁྲོད། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་དང་མཚོ་སྔོན་པོ་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ། གྲོང་ཁྱེར་དང་ཁུལ་སོ་སོའི་ནགས་རྩྭའི་དོ་སྲུང་མི་སྣ། འབྲོག་དམངས་འཐུས་ཚབ་པ་དང་མཚོ་སྔོན་པོའི་གནས་སྐོར་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་ཟིའི་སྐྱེ་ཁམས་སྲུང་སྐྱོབ་དང་བླངས་པ་བཅས་ལས་བྱེད་པ་ཉིས་བརྒྱ་ལྷག་གིས་དང་བླངས་ཞབས་ཞུའི་རྣམ་པ་སྤྱད་དེ་རྩྭ་ཐང་གི་བཅའ་ཁྲིམས་ཁྱབ་གདལ་དང་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དྲིལ་སྒྲོག་བྱ་འགུལ་སྤེལ། སྐྱེ་ཁམས་དོ་སྲུང་པའི་འཐུས་ཚབ་མི་སྣ་དང་འབྲོག་དམངས་འཐུས་ཚབ་པས་ད་དུང་སོ་སོར་དམ་བཅའ་བཞག་པ་དང་གྲོས་འགོ་བཏོན་ལ། ནགས་རྩྭའི་ཁྲིམས་འཛིན་མི་སྣས་ཡུལ་དངོས་ནས་དམ་བཅའ་བཞག
ཉིན་དེའི་ཕྱི་དྲོར། ལག་རྩལ་མི་སྣས་མཛུབ་ཁྲིད་འོག དང་བླངས་པ་རྣམས་ཀྱིས་རྩྭ་ཐང་ལ་དགའ་བ་དང་རྩྭ་འདེབས་པའི་བྱ་འགུལ་སྤེལ། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་དྲིལ་སྒྲོག་ཟླ་བའི་བྱ་འགུལ་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་ས་ཆ་སོ་སོས་རྣམ་པ་མང་པའི་བྱ་འགུལ་སྤེལ་བ་བརྒྱུད་དེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས། མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་ལག་བསྟར་བྱེད་ཐབས་སོགས་དྲིལ་སྒྲོག་ནན་མོ་བྱས་ནས། མང་ཚོགས་ལ་རྩྭ་སྐྱོང་ཕྱུགས་འགོག་དང་རྩྭ་ཕྱུགས་དོ་མཉམ་ཡོང་བར་བྱེད་པ་སོགས་ཀྱི་རྩྭ་ཐང་སྲུང་སྐྱོབ་སྲིད་ཇུས་ངོ་སྤྲོད་བྱས།
ལོ་ཙཱ་བ། རིན་ཆེན་མཚོ།