ཉེ་སྔོན། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་གིས་དབུལ་སྐྱོར་ལས་གཞིའི་ཡོང་འབབ་མ་དངུལ་བགོ་བཤའ་བྱེད་པའི་གྲོས་ཚོགས་བསྡུས་ནས། སྡེ་བ་སུམ་ཅུ་དང་ཡིག་ཚགས་བཙུགས་ཤིང་བྱང་བུ་ལས་པའི་ཁྱིམ་ཚང་ལ་ལས་གཞིའི་ཡོང་འབབ་བགོ་བཤའ་བྱས། ཐེངས་འདིར་བགོ་བཤའ་བྱས་པའི་ཡོང་འབབ་སྒོར་མོ་ས་ཡ་གསུམ་དང་འབུམ་གཉིས་ལ་ཉེ་བ་དང་། རྫོང་ཡོངས་ཀྱི་དབུལ་སྐྱོར་ལས་གཞི་བཅུ་དང་འབྲེལ་ལ། དེའི་ཁྲོད། ཁྱིམ་ཚང་རེ་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་སྟོང་བརྒྱད་ཡན་ལ་སླེབས།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རྨ་སྟོད་རྫོང་གིས་སྡེ་བ་རིམ་པའི་ཏང་རྩ་འཛུགས་ཀྱི་བཙན་རྫོང་ནུས་པ་དང་དབུལ་ཕོངས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མ་དངུལ་གྱི་སྣེ་ཁྲིད་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། དབུལ་སྐྱོར་གྲངས་ཉུང་དངུལ་བུན་གྱི་རྒྱབ་སྐྱོར་དང་ཁེ་ལས་གཙོ་བོའི་སྣེ་ཁྲིད་སོགས་བྱ་བར་ཤུགས་བསྣན་ནས། དབུལ་ཕོངས་ཁྱིམ་ཚང་གི་ཡོང་སྒོ་གཏན་འཇགས་ངང་ཇེ་མང་དུ་གཏོང་བར་སྣེ་ཁྲིད་བྱས། དེ་དང་མཉམ་དུ། མཉམ་འབྲེལ་དྲ་རྒྱ་དང་དབུལ་སྐྱོར་མཉམ་འབྲེལ་གྱི་འདུ་ཤེས་གསར་བ་བཙུགས་ཏེ། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་བའི་ལམ་བུ་རྒྱ་སྐྱེད།
ད་ལོའི་ཡོང་འབབ་བགོ་བཤའ་བྱེད་པ་ནི་རྨ་སྟོད་རྫོང་གི་བགོ་བཤའི་ཡོང་འབབ་ཆེས་མང་བ་དང་བགོ་བཤའི་ཁེབས་ཚད་ཆེས་ཆེ་བའི་བགོ་བཤའ་ཐེངས་གཅིག་ཡིན་པ་དང་། དབུལ་ཕོངས་མང་ཚོགས་ཀྱིས་དབུལ་སྐྱོར་སྲིད་ཇུས་ཀྱིས་ཁྱེར་ཡོང་བའི་ཐོབ་ཚོར་དང་སྐྱིད་སྣང་ཉམས་ལེན་བྱེད་ཐུབ་པ་བྱུང་ལ། དེའི་ཁྲོད་ཀྲའོ་ཝ་བཅུའི་ཉི་འོད་ནུས་པའི་དབུལ་སྐྱོར་ལས་གཞིའི་ཡོང་སྒོ་སྒོར་ས་ཡ་བརྒྱད་དང་ཁྲི་གཉིས་སྟོང་བདུན་དྲུག་བརྒྱ་ལ་སླེབས་པ་དང་། དེ་རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ་གཉིས། དབུལ་ཕོངས་མིན་པའི་སྡེ་བ་བཅུ་དགུ་ལ་ཁེབས་ཡོད་ལ། སྡེ་བ་རེར་སྒོར་འབུམ་བཞི་ཁྲི་གཉིས་སྟོང་གཉིས་ལྔ་བརྒྱའི་ཡོང་འབབ་ཐོབ། ཀྲའོ་ཝ་བཞི་དང་གྲངས་ཆུང་བཞི་ཡི་ཉི་འོད་ནུས་པའི་དབུལ་སྐྱོར་ལས་གཞི་ཡི་ཡོང་འབབ་སྒོར་ས་ཡ་གཉིས་དང་འབུམ་གཅིག་ཁྲི་བརྒྱད་སྟོང་དགུ་དང་བརྒྱ་ལ་སླེབས་པ་དང་། དེ་རྫོང་ཡོངས་ཀྱི་ཡུལ་ཚོ་གཉིས་དང་གྲོང་རྡལ་གཉིས། ཡིག་ཚགས་བཙུགས་ཤིང་བྱུང་བུ་ལས་པའི་དབུལ་ཕོངས་སྡེ་བ་བཅུ་གཅིག་ལ་ཁེབས་ལ། སྡེ་བ་རེའི་ཡོང་འབབ་སྒོར་འབུམ་གཅིག་དང་ཁྲི་དགུ་སྟོང་དགུ་ལ་སླེབས།
ལོ་ཙཱ་བ། རིན་ཆེན་མཚོ།