རྒྱང་རིང་ཡུལ་གྱི་མགྲོན་པོ་གཉིས།
2020.07.14 ཁུངས། ཀློག་གྲངས། 228

ཉེ་ལམ་མཚོ་འཕགས་3650ཡས་མས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་འབའ་རྫོང་ཞོལ་མ་ཡུལ་ཚོ་ཉིན་ལུང་སྡེ་བའི་རྡོ་སུམ་རགས་གཞུང་ཆུའི་ཁར།  སྔར་མཐོང་མ་མྱོང་བའི་བྱ་རིགས་གཉིས་སྔ་རྗེས་སུ་འཕུར་ཡོང་། ང་ཚོའི་ཁ་དཔེ་ལ།  བྱ་མི་འཕུར་སའི་ཚང་མེད་པ་དང་།  མི་མི་འགྲོ་སའི་ལམ་མེད།  ཟེར་བ་ཅི་མ་བདེན། ཉིན་དང་པོར་བྱ་དཀར་པོ་ཞིག་བར་སྣང་ནས་ལྡིང་སྐོར་འགའ་བྱས་ཏེ་ཆུ་ཁར་བབས།  ཉིན་དེར་གནམ་གཤིས་ཅུང་མི་ལེགས་པའི་རྐྱེན་གྱིས་པར་གསལ་བོ་ཞིག་ལེན་རྒྱུ་དཀའ་ཁག་ཧ་ཅང་ཆེ། ཡིན་ན་ཡང་རང་ཉིད་ཀྱི་དགའ་ཕྱོགས་ཀྱིས་པར་ཞིག་བླངས་ཏེ་དྲ་རྒྱབ་ཏུ་སྤེལ།  གྲོགས་པོ་མང་པོས་དཔྱད་བརྗོད་སྣ་ཚོགས་གནང་བྱུང་། དེའི་ཁྲོད་ནས་བྱ་རིགས་དཀར་པོ་འདིའི་མིང་དང་སྡོད་གནས་སོགས་ཡོངས་འཛིན་(百度)དྲ་བ་དང་།  དྲ་གྲོགས་མང་པོས་རོགས་རམ་དང་རྒྱབ་བསྐྱོར་ལ་བརྟེན་ནས་རྒྱུས་ལོན་ཅུང་ཙམ་ཐུབ་བྱུང་།  བོད་སྐད་དུ་སྐྱོར་མོ་ནོར་འདེད་དང་།  རྒྱའི་སྐད་དུ་(牛背鹭)ཟེར་ལ། ལུས་པོ་ཅུང་ཚོན་པོ་ཡིན་པ་དང་།  མཆུ་ཏོ་དམར་པོ་དང་སྐེ་སྒྲོ་ཅུང་རྩུབ་པོ་ཡིན། བྱ་སྒྲོ་མང་ཆེ་བ་དཀར་པོ་དང་སྐེ་ཡི་ཁ་དོག་སེར་པོ། སྐེ་ལ་སྒྲོ་ཡིས་བྲང་རྒྱན་ཡོད། རྒྱབ་ཏུ་སྒྲོ་སྤུ་སེར་ཤས་ཅན་གྱིས་བརྒྱན་ཡོད། མཇུག་སྒྲོ་དཀར་ཞིང་ཅུང་ཐུང་བ་དང་།  ལུས་ཡོངས་དཀར་པོ་ཡིན་པ་རེད། ཉ་གཞན་མི་ཟ་བ་དང་འབུ་སྲིན་གྱི་རིགས་བཟའ་ཆས་གཙོ་བོ་བྱེད་པའི་བྱ་རིགས་འབའ་ཞིག་ཡིན་ལ། སྡོམ་དང་། ཉ་སེར་པོ། པད་མའི་འབྲས་བུ་དང་། སྦལ་བ་སོགས་སྲོག་ཆགས་གཞན་དག་ཀྱང་ཟ་བ་ཡིན། སྒོ་ཕྱུགས་དང་། ལྷག་པར་དུ་མ་ཧེ་ལ་བརྟེན་པའི་འབྲེལ་བ་ཆགས་ཡོད་པས། སྒོ་ཕྱུགས་ཀྱི་རྗེས་སུ་འབྲང་ནས་དཀྲོགས་པའི་འབུ་སྲིན་རིགས་ཟ་བ་དང་། རྒྱུན་དུ་ཕྱུགས་ཟོག་གི་རྒྱབ་ཏུ་ངལ་གསོ་བྱེད་ཀྱིན་ཡོད་པས། དམངས་ཁྲོད་དུ་སྐྱོར་མོ་ནོར་འདེད་ཟེར་བ་རེད། སྐྱེ་འཕེལ་བྱེད་པའི་དུས་ཚོད་ནི་ཟླ་4ནས་7པའི་བར་སྨྱུག་མའི་གསེབ་དང་། ནགས་གསེབ་ཀྱི་སྡོང་བོའི་ཡལ་གའི་སྟེང་དུ་ཤིང་ཕྲན་སྐམ་པོ་ཡིས་བྱ་ཚང་བཟོས་ཏེ་ནང་དུ་རྩྭ་སྐམ་ཕྲན་བུ་བཏིང་ཡོད། ཚང་རེར་སྒོ་ང་4ནས9དང་མང་ཆེ་བ་5ནས7གཏོང་གི་ཡོད། སྒོ་ངའི་ཁ་དོག་ཁམས་དམར་དང་སྔོན་པོ་འཇམ་པོ་ཡིན་ཞིང་། ཕོ་མོ་གཉིས་ཀྱིས་རེས་མོས་བྱས་ཏེ་སྒོ་ང་རུམ་པ་དང་དུས་ཡུན་ཉིན་21ནས་24ཡིན། རྒྱུན་དུ་ཁྱུ་ཚོགས་བྱས་ནས་ཚང་གཉེར་ཞིང་། མཚན་མོར་ཚང་སྲུང་བ་རེད། གནས་ཡུལ་ནི་འཛམ་གླིང་ཡོངས་ཀྱི་དྲོད་རྒྱུད་ས་ཁུལ་དུ་ཁྱབ་ཅིང་། ཀྲུང་གོའི་འབྲི་ཆུའི་ལྷོ་ཕྱོགས་ཀྱི་ཞིང་ཆེན་སོ་སོར་མཐོང་རྒྱུ་ཡོད་པ་རེད། 

   ཕྱིར་ཉིན་སྔར་གྱི་ས་གནས་དེར་ཡང་བསྐྱར་མཐོང་མ་མྱོང་བའི་ངོ་མཚར་ཡིད་དུ་འོང་ཞིང་།  སྒྲོ་སྤུ་ཧ་ཅང་མཛེས་པའི་བྱ་ཞིག་འཕུར་ཡོང་། དེ་ཉིན་ནམ་ཟླ་ཅུང་ལེགས་པས་འོས་མཚམས་ཀྱི་པར་ཞིག་ཀྱང་ལོན་བྱུང་། མྱུར་ཏུ་དྲ་ལམ་སོ་སོར་བརྒྱུད་བསྐུར་བྱས་ཏེ་རྒྱུས་ལོན་བྱས་མཐར།  བྱ་རིགས་འདི་ནི་འཛམ་གླིང་སྟེང་སྲུང་སྐྱོབ་བྱེད་བཞིན་པའི་རི་སྐྱེས་འདབ་ཆགས་ཨང་དང་པོའི་གྲས་ཀྱི་སྐྱར་མོའི་རིགས་ཤིག་ཡིན་པ་ཤེས་གསལ་བྱུང་། དངོས་གནས་ཡ་མཚན་རེད། གནས་ཡུལ་བྷང་ག་ལ་ནས་ཀྲུང་གོ་དང་།  ཨེ་ཤ་ཡ་ཤར་ལྷོའི་བར་དུ་ཁྱབ་ཅིང་། དགུན་བརྒལ་ནས་མ་ལའེ་ཞི་ཡ་ཕྱེད་གླིང་དང་། ཧིན་རྡུ་ཉི་ཞི་ཡ། ཏ་ཝན་ཐ་གླིང་ཚོམ་སོགས་སུ་འཕུར་སྐྱོད་བྱེད་ཀྱིན་ཡོད་པའི་བོད་སྐད་དུ་སྐྱར་མོ་དང་།  རྒྱའི་སྐད་དུ་(池鹭)ཟེར་ཞིང་།  འདབ་ཆགས་འདིའི་ལུས་པོའི་རིང་ཚད་ལ་ལི་སྨི་47ཙམ་ཡོད་པ་དང་། གཤོག་པ་དཀར་པོ། ལུས་པོར་ཁམ་མདོག་གི་གཞུང་རིས་ཡོད་པ། མགོ་དང་མཇིང་པའི་མདོག་ཁམ་ནག་དང་། བྲང་ཁའི་མདོག་སྨུག་པོ། གསེར་མདོག་གི་མིག་གཉིས་ཀྱི་རྒྱལ་མོ་ནག་པོ་ཡིན་ཞིང་། མཆུ་ཏོ་ཅུང་རིང་ལ་རྣོ་ཞིང་མཆུ་རྟིང་སེར་པོ་དང་མཆུ་སྣེ་ནག་ཤས་འདྲེས་པ། རྐང་པ་གཉིས་ནི་ལྗང་སྐྱ། ལུས་སྟོད་དུ་སྤུ་རིང་ནག་པོའི་ཐུལ་བ་གྱོན་པ་དང་འདྲ་བར། འཕུར་སྐྱོད་བྱེད་སྐབས་ལུས་དཀར་ཞིང་། སྐད་སྒྲ་གྲག་རྒྱུ་མེད་པ་རེད། འབྲས་ཞིང་དང་། རྫིང་བུ། འདམ་གཞོང་བཅས་སུ་འཚོ་སྡོད་བྱེད་ཀྱི་ཡོད། ཁ་ཟས་ནི་ཉ་རིགས་དང་སྦལ་བ། འབུ་སྲིན་བཅས་ཡིན་པ་དང་། སྐྱེ་འཕེལ་བྱེད་དུས་སྡོང་མགོ་དང་སྨྱུག་མའི་ནགས་གསེབ་ཏུ་སྡོང་བོའི་ཡལ་ག་དང་། ཤིང་སྡོང་སྐམ་པོ། སྨྱུག་མ། ཇ་སྡོང་གི་ཡལ་ག་དང་འཁྲི་ཤིང་སོགས་ཀྱིས་སྡེར་དབྱིབས་ཀྱི་ཚང་ནང་དུ་ཚང་གདན་གཞན་མེད་པར་བཟོས་ཏེ་ཟླ་5བའི་ཟླ་དཀྱིལ་ཙམ་དུ་སྒོ་ང་3ནས་6གཏོང་བཞིན་ཡོད་པ་རེད། 

     དོན་དངོས་འདི་གཉིས་ལ་བསམ་བློ་ཞིག་བཏང་ན། ང་ཚོ་འཚོ་སྡོད་བྱེད་སའི་ཕྱིའི་སྣོད་ཀྱི་འཇིག་རྟེན་འདི་ནི་ནང་བཅུད་ཀྱི་སེམས་ཅན་ཡོད་དོ་ཅོག་གི་འཚོ་གནས་ཡིན་པ་ལས་མིའི་རིགས་གཅིག་པོར་དབང་བ་ཞིག་མིན་པ་དང་།  ས་ཁུལ་གཅིག་ཏུ་གནས་པའི་སེམས་ཅན་གྱིས་ལོངས་སུ་སྤྱོད་ཆོག་པ་ཞིག་དེ་བས་ཀྱང་མིན་པ་ཧ་གོ་སོང་།  ཉེ་རབས་ང་ཚོ་མི་རྣམས་ཀྱི་ཧམ་སེམས་དང་བྱ་སྤྱོད་སྣ་ཚོགས་ཤིག་གི་དབང་གིས་ས་ཡི་གོ་ལའི་དྲོད་ཚད་མཐོ་རུ་སོང་སྟབས།  སྔར་དབྱར་དགུན་གྱི་དབྱེ་བ་མེད་པའི་ས་གནས་ཀྱི་སྲོག་ཆགས་མང་པོ་ཞིག་ད་སྐབས་ཚ་གདུག་གིས་མ་བཟོད་པར།  ས་མཐོའི་ཁུལ་དུ་འགྲོ་སྡོད་བྱེད་བཞིན་ཡོད་པའི་ཚོར་སྣང་ཞིག་ངང་ངམ་ཤུགས་ཀྱིས་བྱུང་སོང་། 

པར་ལེན་པ་དང་རྩོམ་འབྲི་བ་སྨན་ཤུལ་བསོད་ནམས་ཚེ་རིང་།