
ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་། ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཡན་ལག་དངུལ་ཁང་བཅས་ཀྱིས་མཉམ་དུ་སྐྱེད་ཀ་མེད་པའི་ཞིང་ཕན་དབྱར་རྩྭའི་དངུལ་བུན་བསྐྱི་བའི་བྱ་འགུལ་གྱི་མཛད་སྒོ་བསྡུས་ནས། ས་གནས་རོང་འབྲོག་མང་ཚོགས་ལ་དངུལ་ལོར་སྲིད་ཇུས་ཐད་ཀྱི་ཁེ་ཕན་འདོད་སྤྲོད་བྱས་པར་མ་ཟད། སྲིད་གཞུང་དང་དངུལ་ལོར་ལས་ཁུངས་མཉམ་ལས་བྱེད་པའི་རྣམ་པ་འཚོལ་ཞིབ་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ལ་རོགས་རམ་བྱས།
རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཡན་ལག་དངུལ་ཁང་གིས་ན་ནིང་ནས་བཟུང་ཁྱད་ཆོས་ལྡན་པའི་དངུལ་ལོར་དབུལ་སྐྱོར་ཐོན་ལས་ཀྱི་དབྱར་རྩྭའི་དངུལ་བུན་བསྐྱི་བའི་ཞིང་ཕན་བྱ་འགུལ་སྤེལ་བ་དང་། ད་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་དུ་ཁྱོན་བསྡོམས་པས་ཞིང་ཕན་དབྱར་རྩྭའི་དངུལ་བུན་ཐེངས་སྟོང་ལྔ་དང་གྱ་གཅིག་ལ་བསྐྱིས་པ་དང་། སྒོར་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་དྲུག་ལ་སླེབས་ཡོད་པར་མ་ཟད། ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་དོན་གཅིག་ལ་ཁེབས་ཡོད་པ་དང་། བྱང་བུ་བཙུགས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་གསུམ་ལྔ་བརྒྱ་དང་ཞེ་དྲུག་དང་སྤྱིར་བཏང་གི་ཁྱིམ་ཚང་སྟོང་གཅིག་ལྔ་བརྒྱ་སོ་ལྔ་ལ་སྣེ་ཁྲིད་བྱས། རོང་འབྲོག་མང་ཚོགས་ཀྱིས་སྲིད་གཞུང་གི་ཞིང་ཕན་སྲིད་ཇུས་དང་དངུལ་ཁང་གི་སྐྱི་དངུལ་རྒྱབ་སྐྱོར་བརྒྱུད་ནས་མ་དངུལ་འཁོར་བསྐྱོད་བྱེད་དཀའ་བའི་གནད་དོན་ཐག་བཅད་དེ། རོང་འབྲོག་མང་ཚོགས་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་གི་ལམ་དུ་བསྐྱོད་པར་ནུས་པ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་།
ཉིན་དེའི་མཛད་སྒོའི་སྟེང་ཡུས་ཧྲུའུ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་སྤྱིར་བཏང་གི་ཁྱིམ་ཚང་ལ་ཁྱོན་བསྡོམས་པས་སྐྱེད་ཀ་མེད་པའི་ཞིང་ཕན་དབྱར་རྩྭའི་སྐྱི་དངུལ་སྒོར་ས་ཡ་བཞི་དང་འབུམ་བརྒྱད་ཁྲི་བཞི་བསྐྱིས་པ་དང་། ཞིང་ལས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཡན་ལག་དངུལ་ཁང་གིས་དབུལ་ཕོངས་ཁྱིམ་ཚང་ལ་སྐྱེད་ཀ་མེད་པའི་དབུལ་སྐྱོར་སྐྱི་དངུལ་སྒོར་ས་ཡ་ལྔ་དང་འབུམ་ལྔ་ཁྲི་བཞི་ལག་བསྟར་བྱས།
ལོ་ཙཱ་བ། དཔའ་བརྟན་རྒྱལ།