ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ནས་ཧི་ནན་བར་གྱི་སྟོང་ཧྥུའུ་བརྒྱད་བརྒྱ་ཡི་མཐོ་གནོན་ཐད་རྒྱུག་གློག་གཏོང་བཟོ་སྐྲུན་གྱི་གློག་དངོས་སུ་སྐྱེལ་འགོ་ཚུགས་པ་དང་། མཚོ་སྔོན་གྱི“ལྗང་མདོག་གློག”དེས་བར་ཐག་སྤྱི་ལེ་ཆིག་སྟོང་ལྔ་བརྒྱ་ལྷག་ཙམ་གྱི“གློག་ཤུགས་མཁའ་ལམ”བརྒྱུད་དེ། དབུས་རྒྱུད་ས་གཞི་ཆེ་མོར་ཟམ་མི་ཆད་པར་གློག་ཤུགས་དྲངས། དེ་ནི་འཛམ་གླིང་ཐོག་ནུས་ཁུངས་གསར་པ་སྐྱེལ་འདྲེན་བྱེད་རྒྱུ་གཙོ་བོར་བྱས་པའི། མཐོ་གནོན་གློག་འདྲེན་གྱི་བགྲོད་ལམ་ཆེན་པོ་ཐོག་མ་ཡིན། དེས་རང་རྒྱལ་གྱི་དམིགས་བསལ་མཐོ་གནོན་ཐད་རྒྱུག་གློག་གཏོང་ཁྱབ་ཁོངས་ཀྱི་འཛམ་གླིང་གི་ཨང་དང་པོ་མང་པོ་བསྐྲུན་པར་མ་ཟད། འཛུགས་སྐྲུན་གྱི་མྱུར་ཚད་ཀྱིས་ཀྱང་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་ཡོད།
ནུས་ཁུངས་གཙང་མའི་གློག་ཤུགས་ཀྱི་མཐོ་གནོན་བགྲོད་ལམ་བཟོ་སྐྲུན་དེ་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པར་དངོས་སུ་སྐྲུན་འགོ་ཚུགས་པ་རེད། མཚོ་སྔོན་གྱི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་ལྷོ་གློག་རྒྱུན་བརྗེ་སྤོར་ས་ཚིགས་ནས་འགོ་བརྩམས་ཏེ། ཧི་ནན་ཞིང་ཆེན་ཀྲུའུ་མ་ཏེན་གློག་རྒྱུན་བརྗེ་སྤོར་ས་ཚིགས་བར་དུ་འཐེན་ཡོད་ཅིང་། ཚད་བཅད་གློག་གནོན་སྟོང་ཧྥུའུ་བརྒྱད་བརྒྱ་ཡིན། ཚད་བཅད་ཤོང་ཚད་སྟོང་ཝ་ས་ཡ་བརྒྱད་ཟིན། མཚོ་སྔོན་དང་ཀན་སུའུ། ཧྲན་ཞི། ཧི་ནན་བཅས་ཞིང་ཆེན་བཞི་བརྒྱུད་དགོས་པ་དང་། ལམ་ཐིག་ཧྲིལ་པོར་སྤྱི་ལེ་སྟོང་གཅིག་དང་ལྔ་བརྒྱ་གྱ་བདུན་ཡོད། འཛུགས་སྐྲུན་པ་ཡོངས་ཀྱིས་ཟླ་བ་ཉི་ཤུའི་རིང་དཀའ་སྤྱད་འབད་འཐབ་བྱས་པ་བརྒྱུད་དེ། མཐོ་གནོན་ཐད་རྒྱུག་གློག་གཏོང་བཟོ་སྐྲུན་གྱི་མ་ལག་ཡོངས་འགྲུབ་བྱས་ནས་གློག་གཏོང་འགོ་ཚུགས་པ་རེད། སྔོན་དཔག་བྱས་ན་བཟོ་སྐྲུན་ཡོངས་རྫོགས་ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱས་ནས་དངོས་སུ་སྤྱོད་འགོ་ཚུགས་ཏེ་གློག་གཏོང་ཐུབ་རྒྱུ་རེད།
ལོ་ཙཱ་བ། བན་དེ་སྐྱབས།