དངུལ་རྩ་ལས་ཁུངས་ཀྱིས་བསྡོམས་པས་དབུལ་སྐྱོར་དངུལ་བུན་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔ་ཐེར་འབུམ་གསུམ་དུང་ཕྱུར་བདུན་བཏང་།
2020.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

ཟླ་བདུན་པའི་ཚེས་བཅུ་བཞི་ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་དངུལ་རྩའི་གནད་འཁེལ་དབུལ་སྐྱོར་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་དུས་ཚིགས་དང་པོའི་དུས་མཇུག་བར་དུ་བསྡོམས་པས་རིགས་སོ་སོའི་དབུལ་སྐྱོར་དངུལ་བུན་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔ་ཐེར་འབུམ་གསུམ་དུང་ཕྱུར་བདུན་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས་དངུལ་རྩའི་དབུལ་སྐྱོར་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱས་ནས། དབུལ་ཕོངས་ཞང་སྡེ་ས་ཁུལ་གྱི་འཕེལ་རྒྱས་ཐད་ལ་རྒྱུན་མི་ཆད་པའི་དངུལ་རྩའི་ནུས་པ་འདོན་སྤྲོད་བྱས།

ཉིས་སྟོང་བཅོ་ལྔ་ལོར་ཞིང་ཆེན་ཡོངས་སུ་དངུལ་རྩའི་གནད་འཁེལ་དབུལ་སྐྱོར་བྱ་བ་སྒྲུབ་འགོ་བརྩམས་རྗེས། ཞིང་ཆེན་ཡོངས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས་རང་རང་གི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ལས་གཞིའི་དབུལ་སྐྱོར་དང་ཐོན་ལས་དབུལ་སྐྱོར། དེ་མིན་དངུལ་བུན་ཉུང་ཙམ་བསྐྱི་བའི་དབུལ་སྐྱོར་ཐད་ནས་གཟབ་ནན་དང་ཞིབ་ཕྲ་སྒོས་བྱ་བ་བསྒྲུབས་པས་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་ཆགས་པར་བྱས། ཉིས་སྟོང་ཉི་ཤུ་ལོའི་དུས་ཚིགས་དང་པོའི་དུས་མཇུག་བར་དུ་ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་དང་དེ་མིན་དབུལ་ཐར་མི་གྲངས་ལ་བསྡོམས་པས་དངུལ་བུན་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་གཉིས་ལྷག་བསྐྱིས་པ་དང་། ཐོན་ལས་གནད་འཁེལ་དབུལ་སྐྱོར་ཐད་ལ་བསྡོམས་པས་དངུལ་བུན་སྒོར་ཐེར་ཆེན་བཞི་དང་ཐེར་འབུམ་ལྔ་དུང་ཕྱུར་ལྔ་བསྐྱིས་ཤིང་། ལས་གཞིའི་གནད་འཁེལ་དབུལ་སྐྱོར་ཐད་ལ་བསྡོམས་པས་དངུལ་བུན་སྒོར་ཐེར་ཆེན་དགུ་དང་ཐེར་འབུམ་ལྔ་དུང་ཕྱུར་གཅིག་བསྐྱིས་པ་དང་། ཚགས་འཛུགས་བྱང་སྒྲིག་དབུལ་ཕོངས་མི་གྲངས་ལ་བསྡོམས་པས་དངུལ་བུན་ཐེངས་འབུམ་གཉིས་དང་ཁྲི་བདུན་ལ་བསྐྱིས་པ་དང་། ཐོན་ལས་གནད་འཁེལ་དབུལ་སྐྱོར་ཐད་ལ་དངུལ་བུན་བསྐྱིས་པ་དེས་བསྡོམས་པས་མི་གྲངས་འབུམ་ལྔ་ཙམ་ལ་སྣེ་ཁྲིད་ཀྱི་ནུས་པ་བཏོན།

                                                                                                  ལོ་ཙཱ་བ། བཀྲ་ཤིས་འབུམ།