རང་ཞིང་གིས་དཔྱད་ཞིབ་བྱ་བ་སྔར་ལས་འཐུས་ཚང་དུ་བཏང་ནས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱས།
2020.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ད་ལོར། རང་ཞིང་གིས་དཔྱད་ཞིབ་བྱ་བའི་ཁྲིད་སྟོན་རང་བཞིན་དང་ཕྱོགས་སྟོན་རང་བཞིན་འབུར་དུ་ཐོན་པར་བྱེད་པར་གཙིགས་འཛིན་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བླང་བྱ་གསར་བ་ལྟར། དཔྱད་ཞིབ་བྱེད་ཐབས་དང་དམིགས་ཚད་ནང་དོན། མཇུག་འབྲས་བཀོལ་སྤྱོད་བཅས་ལེགས་སྒྲིག་བྱས་པ་དང་། བབ་བསྟུན་མདུན་སྐྱོད་ཀྱིས་དཔྱད་ཞིབ་བྱ་བ་འཐུས་ཚང་དུ་བཏང་ནས། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱས།

ད་ལོར་རང་ཞིང་གིས་རྫོང་དང་གྲོང་ཁྱེར། ས་ཁུལ་གྱི་གྲུབ་འབྲས་དཔྱད་ཞིབ་བྱེད་ཐབས་དེ་གྲོང་ཁྱེར་དང་ཁུལ་ལ་མངགས་བཅོལ་བྱས་ཏེ་དཔྱད་ཞིབ་བྱེད་པར་བསྒྱུར་བ་དང་། མཇུག་འབྲས་ལ་ཞིང་ཆེན་དཔྱད་ཞིབ་གཞུང་སྒྲུབ་ཁང་གིས་འཐེན་བཤེར་བྱས་རྗེས་དུས་ཡུན་ངེས་ཅན་ལ་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་། དུས་ཚིག་ལ་ཁྱབ་སྒྲོག་བྱེད་པ་སོགས་ཀྱི་གནས་ཚུལ་ལ་སྦྲེལ་ཏེ་དཔྱད་ཞིབ་ཀྱི་རིམ་པ་བགར་ལ། ཞིང་ཆེན་གྱིས་རྫོང་དང་གྲོང་ཁྱེར། ས་ཁུལ་བཅས་ལ་ཡུལ་དངོས་སུ་དཔྱད་ཞིབ་ཚན་ཁག་མངགས་མེད།

ཀྲུང་དབྱང་གི་བླང་བྱ་ལྟར། རང་ཞིང་གིས་ཞང་སྡེ་དར་སྤེལ་དང་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་རྒྱུ་དམ་འཛིན་བྱས་ཏེ། ས་ཁུལ་གྱི་ཁྱད་པར་དབྱེ་བ་དང་། ད་ཡོད་ཀྱི་དབུལ་ཐར་མཁྲེགས་གཏོར་གྱི་དཔྱད་ཞིབ་ནང་དོན་སྤྱིའི་ཆ་ནས་གཏན་འཇགས་ཡིན་པའི་གནས་ཚུལ་འོག འགན་སྲུང་གསུམ་མཐོར་འདེགས་གཏོང་བ་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། ཐོན་ལས་ལས་ཞུགས་དབུལ་སྐྱོར། དབུལ་ཕོངས་ལྟ་ཞིབ་ཚད་ལེན། རྨང་གཞིའི་བྱ་བ་སོགས་ཕྱོགས་ཀྱི་ཞན་ཆ་གསབ་པར་དམིགས་ནས། ཁ་གཏད་རང་བཞིན་ལྡན་པར་དཔྱད་ཞིབ་ཀྱི་དམིགས་ཚད་ལེགས་སྒྲིག་བྱས་པ་དང་། དཔྱད་ཞིབ་ཀྱི་ཕྱོགས་སྟོན་དེ་དབུལ་ཐར་མཁྲེགས་གཏོར་ནས་དབུལ་ཐར་ཕན་འབྲས་སྲ་བརྟན་དུ་གཏོང་བ་དང་ཞང་སྡེ་དར་སྤེལ་གཏོང་བའི་ཕྱོགས་སུ་བསྒྱུར།

ལོ་ཙཱ་བ། ཕྱུག་ལོ།