ཏུའུ་ལན་ཆུ་ཁོལ་བང་སོའི2018ལོའི་ཤེའུ་བང་སོ་དང་པོའི་གནའ་རྫས་བསྔོག་བཤེར་ལས་གཞི་འགོ་བརྩམས།
2020.07.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 110

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུའུ་ནས་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་རིག་དངོས་ཅུའུ་ཡི་ཉིས་སྟོང་བཅུ་དགུ་ལོའི་ཀྲུང་གོའི་གནའ་རྫས་ཞེས་པའི་ལས་གཞི་གལ་ཆེན་ཏེ། ཏུའུ་ལན་ཆུ་ཁོལ་བང་སོའི་ཚོགས་ལས་ཤེའུ་བང་སོ་དང་པོའི་གནའ་རྫས་བརྟག་དཔྱོད་སྔོག་འདོན་གྱི་ལས་གཞི་དངོས་སུ་འགོ་བརྩམས། ཏུའུ་ལན་ཆུ་ཁོལ་བང་སོའི་ཚོགས་ལས་ཉིས་སྟོང་བཅོ་བརྒྱད་ལོའི་ཤེའུ་བང་སོ་དང་པོའི་གནའ་རྫས་བརྟག་དཔྱོད་སྔོག་འདོན་གྱི་ལས་དེ་ཉིས་སྟོང་བཅོ་བརྒྱད་ལོར་འགོ་ཚུགས་ཤིང་། ལོ་ངོ་གཉིས་ཀྱི་སྔོག་འདོན་བརྒྱུད་རིམ་ཁྲོད་དུ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་བླངས་ནས། སྤྱི་ཚོགས་ཀྱི་ཕྱོགས་སོ་སོ་ནས་དོ་འཁུར་རྒྱ་ཆེར་བྱས། ད་ལོ་གནའ་རྫས་བརྟག་དཔྱད་སྔོག་འདོན་བྱ་བའི་གལ་ཆེ་བའི་ལས་འགན་ནི་སྔར་བཞིན་བང་སོ་དེ་ཚན་རིག་དང་མཐུན་པའི་སྒོ་ནས་སྔོག་འདོན་བྱ་རྒྱུ་དེ་ཡིན་ལ། དུས་མཉམ་དུ་འཆར་གཞི་ཡོད་པའི་སྒོ་ནས་མཐའ་འཁོར་གྱི་བང་སོ་ལ་རྟོག་ཞིབ་དང་། རིགས་དབྱེ། ཨང་རྟགས་འགོད་པ། བསྡོམས་རྩིས་ལེན་པ། བང་སོ་གལ་ཆེན་ཁག་ལ་རྩད་གཅོད་དང་ཐིག་རིས་འབྲི་བ་སོགས་ཀྱི་བྱ་བ་རྒྱ་ཆེར་སྤེལ་རྒྱུ་རེད། ཟླ་བདུན་པའི་ཚེས་བདུན་ཉིན། ཏུའུ་ལན་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་ཅུའུ་ཡིས་རྩ་འཛུགས་བྱས་ཏེ་བང་སོའི་གནས་སྐབས་རིག་དངོས་སྲུང་སྐྱོབ་ར་བའི་ལས་གཞི་ལ་ཐོག་མའི་རྩིས་ལེན་ཚོགས་འདུ་བསྡུས། ཁོ་ཚོས་ལས་གཞི་འདིའི་ཐོག་མའི་རྩིས་ལེན་གྱི་ཆ་རྐྱེན་ཚང་ན་ད་གཟོད་གཞི་རྩའི་གནའ་རྫས་བརྟག་དཔྱོད་སྔོག་འདོན་བྱ་བའི་དགོས་མཁོ་ཚང་ཡོད་པར་འདོད། དེའི་རྗེས་སུ་གནའ་རྫས་བརྟག་དཔྱོད་རུ་ཁག་གིས་ཡུལ་དངོས་སུ་སྔོག་འདོན་བྱས། ཐོག་མར་བང་སོ་ར་བའི་འཛུགས་སྐྲུན་རྗེས་ཤུལ་སྟེང་ལ་བརླན་འགོག་འགྱིག་ཤོག་བཏིངས་ཤིང་། བང་སོ་ར་བའི་འཛུགས་སྐྲུན་ལ་སྲུང་སྐྱོབ་བྱས་པ་ཤིན་ཏུ་བཟང་། གནའ་རྫས་བརྟག་དཔྱོད་རུ་ཁག་གིས་རྒྱལ་ཁབ་རིག་དངོས་ཅུའུ་ཡུལ་དངོས་ལག་བསྟར་བྱེད་ཐབས་ཀྱི་གཞི་རྩའི་རེ་བ་ལྟར་འཆར་གཞི་ཡོད་པ་དང་། གོ་རིམ་ཡོད་པའི་སྒོ་ནས་སྔོག་འདོན་བྱས་ཤིང་། སྔོག་འདོན་གྱི་ཟིན་ཐོ་གཟབ་ནན་གྱིས་བཀོད་ལ། ཡུལ་དངོས་ནས་རིག་ཚན་སྣ་མང་གི་མཉམ་འབྲེལ་དང་རིག་དངོས་སྲུང་སྐྱོབ་ཀྱི་བྱ་བ་ཧུར་ཐག་གིས་སྤེལ་ལ། ཚད་གཞི་མཐོ་བའི་སྒོ་ནས་བརྟག་དཔྱོད་སྔོག་འདོན་ཡུལ་དངོས་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཕྱོགས་ལག་བསྟར་བྱས་ནས། ལོ་ཧྲིལ་བོའི་བརྟག་དཔྱོད་གྲུབ་འབྲས་འབུར་ཐོན་ཡོང་པར་འབད་བརྩོན་བྱས་ཏེ། ཆུ་ཁོལ་བང་སོའི་ཚོགས་ཀྱི་རྒྱལ་ཁབ་གནའ་རྫས་ཞིབ་འཇུག་རྟེན་གཞི་མཉམ་འཛུགས་ལ་བྱས་རྗེས་འཇོག་རྒྱུ་རེད

ལོ་ཙཱ་བ། སྐལ་བཟང་རྣམ་རྒྱལ།