རང་ཞིང་གིས་ཉིས་སྟོང་ཉི་ཤུ་ལོའི་ནུས་ཁུངས་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་དང་ཐཱན་ཉུང་ཉིན་མོའི་བྱ་འགུལ་སྤེལ།
2020.07.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ7པའི་ཚེས16ཉིན། རང་ཞིང་གི་སྡོད་ཁང་མཁར་གྲོང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་ཟི་ལིང་དང་མཚོ་ཤར་ནས་ཆུ་དྭངས་རི་ལྗང་དང་ནུས་གྲོན་ཕན་འདེགས། ལྗང་མདོག་ཐཱན་ཉུང་དང་ཕྱོགས་ཡོངས་འབྱོར་འབྲིང་ཞེས་པ་བརྗོད་དོན་ཡིན་པའི་ནུས་ཁུངས་གྲོན་ཆུང་དྲིལ་སྒྲོག་གཟའ་འཁོར་དང་ཐཱན་ཉུང་ཉིན་མོའི་བྱ་འགུལ་སྤེལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། རྫོང་བཅས་སོ་སོའི་འཛུགས་སྐྲུན་ཐད་འགན་ཁུར་བའི་སྡེ་ཁག་གི་འགན་ཁུར་བ་དང་། ཁེ་ལས་ཀྱི་ཆེད་ལས་ལག་རྩལ་མི་སྣ། སྡོད་ཁང་འཛུགས་སྐྲུན་ཁོངས་གཏོགས་ཀྱི་ལས་རིགས་སོ་སོའི་མཐུན་ཚོགས་ཀྱིས་ཡུལ་དངོས་ནས་མང་ཚོགས་ལ་བློ་འདོན་དང་འགྲེལ་བཤད་ཞབས་ཞུ་འདོན་སྤྲོད་བྱས།

བྱ་འགུལ་ཁྲོད་དུ་དྲིལ་སྒྲོག་པང་ལེབ་བཀྲམ་པ་དང་སྒྲོག་ཡིག་སྟེར་བ་སོགས་ཀྱི་རྣམ་པ་སྤྱད་དེ་མང་ཚོགས་ལ་འཛུགས་སྐྲུན་གྱི་ནུས་ཁུངས་གྲོན་ཆུང་ཤེས་བྱ་ཁྱབ་གདལ་དུ་བཏང་ལ། ཉིན་དེར་བསྡོམས་པས་དྲིལ་སྒྲོག་རྒྱུ་ཆ་བརྒྱད་བརྒྱ་ཙམ་བྱིན། བྱ་འགུལ་སྤེལ་ཡུལ་ནས། ད་དུང་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་སྤུས་ཚད་བཟང་བའི་རྒྱུ་ཆ་དང་། ནུས་ཁུངས་གྲོན་ཆུང་གི་རྒྱུ་ཆ་སོགས་བསྟན་ནས། མང་ཚོགས་ལ་རང་ཞིང་གིས་ལྗང་མདོག་བཟོ་སྐྲུན་ཕྱོགས་ནས་བསྒྲུབས་པའི་བྱ་བ་དང་འཕེལ་ཚུལ་ལ་སྔར་ལས་རྒྱུས་ལོན་བྱེད་དུ་བཅུག་པ་དང་། ནུས་ཁུངས་གྲོན་ཆུང་གི་འདུ་ཤེས་ཇེ་མཐོར་བཏང་སྟེ། ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་གི་འཚོ་བ་རོལ་སྟངས་ལ་སྐུལ་འདེད་བཏང་།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱ་འགུལ་སྤེལ་སྐབས། རང་ཞིང་གི་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཁོངས་གཏོགས་ཀྱིས་ཆེད་དོན་དྲིལ་སྒྲོག་བྱ་འགུལ་སྤེལ་བ་དང་། བཟོ་སྐྲུན་འཕེལ་རྒྱས་ཀྱི་གསོ་སྦྱོང་དང་བཞུགས་མོལ་ཚོགས་འདུ་བསྡུ་བ། བཟོ་སྐྲུན་ཐོན་ལས་རྟེན་གཞི་ལ་ལྟ་སྦྱོང་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས། གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་གསར་བའི་འདུ་ཤེས་བརྟན་པོར་བཙུགས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དྲིལ་སྒྲོག་རྒྱ་ཆེར་བྱས་ལ། དམངས་ཡོངས་ཀྱི་ནུས་ཁུངས་གྲོན་ཆུང་དང་ཐཱན་ཉུང་དྲིལ་སྒྲོག་སློབ་གསོ་ཟབ་མོར་སྤེལ།

ལོ་ཙཱ་བ། ཕྱུག་ལོ།