ཉེ་ལམ། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས《བོད་ལུག་གི་ཐོན་ལས་མྱུར་དུ་ཚུལ་སྒྱུར་འཕེལ་རྒྱས་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》ཞེས་པ་པར་འགྲེམས་བྱས་ནས་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོར་སླེབས་སྐབས་རང་ཞིང་གི་བོད་ལུག་གསོ་སྤེལ་བྱེད་ཚད་བྱེ་བ་གཅིག་དང་ས་ཡ་གཉིས་སུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་དང་། བོད་ལུག་ཐོན་རྫས་ཀྱི་ཕྱོགས་བསྡུས་ཐོན་རྫས་རིན་གོང་སྒོར་ཐེར་ཆེན་གཅིག་ལ་སླེབས་པ་མངོན་འགྱུར་བྱེད་དགོས།
བོད་ལུག་ནི་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་སྒོ་ཕྱུགས་ཤིག་ཡིན་ལ། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་བོད་ལུག་ཐོན་ཁུལ་གཙོ་བོ་ཡིན་ཞིང་། གསོ་སྤེལ་བྱེད་རྒྱ་ཆེ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་གསོ་སྤེལ་གྲངས་འབོར་གྱིས་རྒྱལ་ཡོངས་ཀྱི་བརྒྱ་ཆའི་བཞི་བཅུའི་ཡན་ཟིན་ཡོད། བོད་ལུག་ཐོན་ལས་ནི་མཚོ་སྔོན་རོང་འབྲོག་ས་ཁུལ་གྱི་ཐོན་ལས་གཙོ་བོ་དང་དམངས་ཚིས་ཐོན་ལས་ཤིག་ཡིན་པས་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་པོ་ལྡན་ཡོད། རྒྱལ་ཡོངས་ཀྱི་བོད་ལུག་ཐོན་ལས་ཀྱི་གོ་གནས་གཙོ་བོ་གཏན་འཁེལ་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་བོད་ལུག་ཐོན་ལས་དེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དཔེ་མཚོན་ཐོན་ལས་དང་། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་དཔེ་མཚོན་ཐོན་ལས། ཚུལ་སྒྱུར་རིམ་སྤོར་གྱི་སྣེ་ཁྲིད་ཐོན་ལས། གྲོང་གསེབ་དར་རྒྱས་ཀྱི་གནམ་འདེགས་ཐོན་ལས་བཅས་སུ་ཧུར་ཐག་གིས་བསྐྲུན་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱི་བོད་ལུག་ཐོན་ལས་ཚུལ་སྒྱུར་འཕེལ་རྒྱས་ཀྱིས་ཚད་གཞི་ཅན་གྱི་ཐོན་སྐྱེད་དང་ཐོན་ལས་ཅན་ལ་སྐུལ་འདེད། འཁོར་རྒྱུག་ཅན་གྱི་འཕེལ་རྒྱས། སྤུས་རྟགས་ཅན་གྱི་འཛུགས་སྐྲུན་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་རེད། བོད་ལུག་གསོ་སྤེལ་ཚུལ་སྒྱུར་རིམ་སྤོར་དང་རྒྱུད་བཟང་གསོ་སྤེལ། གཟན་རྩྭ་ཐོན་སྐྱེད། ཐོན་ལས་ཅན་འཕེལ་རྒྱས། ཚན་རྩལ་ཁྱབ་གདལ། ཁྱད་ལྡན་སྤུས་རྟགས་གཏོད་པ། སྤྱི་ཚོགས་ཅན་གྱི་ཞབས་ཞུ་འཐུས་སྒོ་ཇེ་ཚང་དུ་གཏོང་བ། ཁྲོམ་རའི་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བ་བཅས་ཕྱོགས་བརྒྱད་ཀྱི་ཐད་ནས། ཐོན་ལས་ཡོངས་ཀྱི་སྦྲེལ་ཐག་རོགས་སྐྱོར་དང་གསོ་སྐྱོང་བྱས་ཏེ། མཚོ་སྔོན་ལྷོ་རྒྱུད་ཀྱི་སྐྱེ་ཁམས་གསོ་སྤེལ་ས་ཁུལ་དང་མཚོ་སྐོར་ལེགས་ཆའི་ཐོན་སྐྱེད་ས་ཁུལ། ཤར་རྒྱུད་ནུས་ཆེའི་འཕེལ་རྒྱས་ས་ཁུལ་བཅས་བསྐྲུན་ནས། བོད་ལུག་ཐོན་ལས་ཀྱི་སྤུས་ཚད་དེ་ཕན་འབྲས་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
མཚོ་སྔོན་ཞིང་ཆེན་གྱིས་ད་དུང་མུ་མཐུད་དུ་བོད་ལུག་གི་ཁྱད་ལྡན་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཏེ། “ཀྲུང་གོའི་བོད་ལུག་ལྟེ་གནས”ཀྱི་ས་ཁོངས་སྤུས་རྟགས་གཏོད་རྒྱུར་ཤུགས་སྣོན་རྒྱུ་རེད། བོད་ལུག་ཐོན་ལས་ཀྱི་ས་ཁོངས་སྤུས་རྟགས་འཛུགས་གཉེར་དང་ཁེ་ལས་ཀྱི་སྤུས་རྟགས་གཏོད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། བོད་ལུག་གི་ལྗང་མདོག་བདེ་ཐང་དེ“བྲིན་ཚོང”དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་རྒྱུ་ཡིན་ལ། “མཚོ་སྔོན་གྱི་བོད་ལུག”རྟགས་ཅན་གྱི་སྤྱི་སྤྱོད་ཚོང་རྟགས་དང“ཚྭ་ཁའི་ལུག”དང་“མདོ་ལའི་ལུ་གུའི་ཤ”དང“དངུལ་རའི་ལུག”སོགས་ས་ཁོངས་ཀྱི་ཚོང་རྟགས་གྲགས་ཅན་དང་ཐོན་ལས་ཕྲེང་བ་ཆ་ཚང་བསྐྲུན་རྒྱུ་རེད།
ལོ་ཙཱ་བ། བན་དེ་སྐྱབས།