མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ལས་དོན་ལ་སྐུལ་འདེད་བཏང་།
2020.07.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ད་ལོ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་དངོས་སུ་འཛུགས་རྒྱུ་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྒྲུབ་རྒྱུར་སྤྲད་པའི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་འགན་ཐོག་མ་བདེ་བླག་ངང་ལེགས་སྒྲུབ་བྱ་རྒྱུ་དང་འབྲེལ་བ་ཡོད་པས།  མཚོ་སྔོན་ཞིང་ཆེན་གྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གཞིར་བཟུང་སྟེ།  “གཟེར་འདེབས”སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད།

ད་ལོར། མཚོ་སྔོན་ཞིང་ཆེན་གྱིས་ཆེད་དོན་ཚོགས་འདུ་ཐེངས་མང་བསྡུས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་འཛུགས་པར་སྐུལ་འདེད་གཏོང་བའི་ལས་ཀའི་ཇུས་གཞི་གཏན་འབེབས་དང་པར་འགྲེམས་བྱས་པ་སོགས་ཀྱི་རྨང་གཞིའི་སྟེང་དུ། གཞུང་ཕྱོགས་དང་འཕྲེད་ཕྱོགས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་བཙུགས་ཡོད། རྒྱལ་ཁབ་སྤྱི་གླིང་གཞུང་སྒྲུབ་ཁང་དང་མཉམ་འབྲེལ་སྒོས《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་འབྲེལ་གཏུག་ལས་ཀའི་ཇུས་གཞི》ཞེས་པ་པར་འགྲེམས་ཀྱང་བྱས། སྤྱི་གླིང་ འཛུགས་པའི་དམིགས་ཚད་བླང་བྱ་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁ་ཕྱོགས་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། འབྲེལ་ཡོད་སྡེ་ཁག་དང་ས་གནས་བར་འབྲེལ་གཏུག་ཚོགས་འདུའི་ལམ་ལུགས་བཙུགས་ནས། 《རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས(ཚོད་ལྟའི་ལག་བསྟར)》བཟོས་ཏེ་པར་འགྲེམས་བྱས། ལས་བགོས་ཁ་གསལ་དང་འགན་འཁྲི་ཁ་གསལ་གྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ། གོང་འོག་མཉམ་འགུལ་དང་ཕྱར་བ་གྲུ་འདེགས་ཀྱི“བསམ་ཇུས་གཅིག”གི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཡོད། དུས་མཚུངས་སུ་ལྟ་སྐུལ་ཞིབ་བཤེར་ལས་ཀའི་ལམ་ལུགས་གཏན་འབེབས་དང་འཐུས་ཚང་དུ་བཏང་། གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན། དུས་ཚོད་ཀྱི་མཚམས་ཚིགས། ལས་ཀའི་སྤུས་ཚད་བཅས་ལ་གཞིགས་ནས་མཐུན་སྦྱོར་ངང་སྐུལ་སྤེལ་དང་རྗེས་སྙེག་དབྱེ་ཞིབ། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་ནས། བྱེ་བྲག་གི་གནད་དོན་མཐུན་སྦྱོར་ངང་ཐག་གཅོད་བྱས། 

ལོ་ཙཱ་བ། བན་དེ་སྐྱབས།