མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་ཆེད་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་སྡོད་ཁོར་ཡུག་ལེགས་བཅོས་གཏོང་བ། “བརྟན་འཇགས་དྲུག”དང་། “འགན་ལེན་དྲུག”བཅས་ཀྱི་འབྲེལ་ཡོད་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རང་ཞིང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་དང་ཐོན་ཁུངས་གྲོན་ཆུང་དང་འཁོར་རྒྱུག་བེད་སྤྱོད་སོགས་ཀྱི་ཞན་ཆ་ལ་དམ་པོར་དམིགས་ཏེ། རང་འགུལ་ངང་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ལ་སྙན་ཞུ་ཕུལ་ནས། འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་མ་དངུལ་གྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས། ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆེད་དོན་ལས་གཞིར་ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་གསུམ་དང་བྱེ་བ་གསུམ་ས་ཡ་གཅིག་འབུམ་ལྔ་གཏོང་རྒྱུ་རེད།
ལས་གཞི་དུས་ཐོག་ཏུ་ལས་འགོ་འཛུགས་པར་འགན་སྲུང་བྱེད་ཆེད། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་གིས་དུས་ཐོག་ཏུ་མ་དངུལ་གཏོང་བའི་འཆར་གཞི་ཁག་བགོས་བྱས་ནས། གཅན་ཚ་རྫོང་གི་གད་སྙིགས་སྦས་ས་གཉིས་པ་འཛུགས་སྐྲུན་དང་ཐུན་ཏེ་རྫོང་གི་བཙོག་ཆུ་གཙང་བཅོས་བཟོ་གྲྭའི་ཚད་གཞི་མཐོར་གཏོང་གི་རྒྱ་སྐྱེད་བཟོ་སྐྲུན་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་དང་། ཐོན་ཁུངས་གྲོན་ཆུང་འཁོར་རྒྱུག་བེད་སྤྱོད། སྦགས་བཙོག་བཅོས་སྒྲིག་ལས་གཞི་འཛུགས་སྐྲུན་བཅས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱེད་རྒྱུ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་ཀྱི་ཞན་ཆ་གསབ་རྒྱུར་སྐུལ་འདེད་གཏོང་བ་དང་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུར་རམ་འདེགས་བྱེད་རྒྱ་རེད།
ལོ་ཙཱ་བ། བན་དེ་སྐྱབས།