ལོ་ཉི་ཤུའི་རིང་ལ་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་བསྡོམས་པས་ལས་གཞི་སྟོང་ལྔ་དང་སུམ་བརྒྱ་གྱ་དགུ་ལ་གྲོས་མཐུན་བཀོད།
2020.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཉེ་ལམ། གསར་འགོད་པས་འབྲེལ་ཡོད་ལས་ཁུངས་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་ཉི་ཤུའི་རིང་ལ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྟེང་བསྡོམས་པས་ལས་གཞི་སྟོང་ལྔ་དང་སུམ་བརྒྱ་གྱ་དགུ་ལ་གྲོས་མཐུན་བཀོད་པ་དང་། བསྡོམས་པས་ཚོང་འགུག་དངུལ་འདྲེན་ལས་གཞི་ལ་གྲོས་མཐུན་བཀོད་པའི་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དགུ་ཐེར་ཆེན་གསུམ་དང་ཐེར་འབུམ་དགུ་དུང་ཕྱུར་གསུམ་ལྷག་ལ་སླེབས།

རང་ཞིང་གིས་ལོ་རེར་སྒྲུབ་པའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ལས་མཚོ་སྔོན་གྱི་ཚོང་འགུག་དངུལ་འདྲེན་དེ་མེད་པ་ནས་ཡོད་པ་དང་ཆུང་བ་ནས་ཆེ་བ། ཞན་པ་ནས་སྟོབས་ལྡན་དུ་གྱུར་བའི་འཕེལ་རྒྱས་ལོ་རྒྱུས་བརྒྱུད་རིམ་བདེན་དཔང་བྱས་ཡོད། ལོ་ཉི་ཤུའི་རིང་ལ། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་བསྡོམས་པས་ལས་གཞི་སྟོང་ལྔ་དང་སུམ་བརྒྱ་གྱ་དགུ་ལ་གྲོས་མཐུན་བཀོད་པ་དང་། མིག་སྔའི་བར་ལས་གཞི་སྟོང་གསུམ་དང་དགུ་བརྒྱ་སོ་བཞི་དངོས་འབེབས་བྱས་ཤིང་། བསྡོམས་པས་མ་དངུལ་སྒོར་ཁྲག་ཁྲིག་དྲུག་དང་ཐེར་ཆེན་གཉིས་ཐེར་འབུམ་ལྔ་དང་དུང་ཕྱུར་དྲུག་ལྷག་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་། མ་དངུལ་དོན་ཐོག་ཏུ་བབས་ཚད་བརྒྱ་ཆའི་སོ་གཉིས་ལྷག་ལ་སླེབས། མཚོ་སྔོན་ཚོང་གཏམ་གྲོས་ཚོགས་སྒྲུབ་པ་བརྒྱུད། ཐོན་ལས་རིགས་དང་ཞབས་ཞུའི་རིགས་ཀྱི་ལས་གཞི་སྐོར་མང་པོ་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་ལོ་ལེགས་རྒྱས་པ་དང་། ཐོན་ལས་གསར་བ་དང་ལག་རྩལ་གསར་བ། དཔེ་དབྱིབས་གསར་བ་སྐོར་མང་པོ་ཡང་མྱུར་དུ་འཕེལ་རྒྱས་བྱུང་བ་དེས་ཞིང་ཆེན་ཡོངས་ཀྱི་རྨང་གཞིའི་སྒྲིག་ཆས་ཆ་རྐྱེན་ལེགས་བཅོས་བྱེད་པ་དང་། ཐོན་ཁུངས་ཁྱད་སྟོབས་དེ་དཔལ་འབྱོར་ཁྱད་སྟོབས་སུ་བསྒྱུར་བ། རྒྱུན་མཐུད་སྒོས་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པ། དཔལ་འབྱོར་བརྟན་འཇགས་ངང་འཕར་བ་དང་གྲུབ་ཚུལ་ལེགས་སྒྲིག ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བ། ལས་ཞུགས་རྒྱ་བསྐྱེད་པ། དམངས་ཚིས་ལེགས་བཅོས་བྱེད་པ་བཅས་ལ་འདེགས་ཤུགས་ཀྱི་ནུས་པ་ཆེན་པོ་བཏོན།

སྐབས་འདིའི་མཚོ་སྔོན་ཚོང་གཏམ་གྲོས་ཚོགས་ཀྱིས་སྒོ་འབྱེད་མཉམ་ལས་དང་ལྗང་མདོག་འཕེལ་རྒྱས་བརྗོད་དོན་གཙོ་བོ་ཡིན་པ་དང་དམ་པོར་སྦྲེལ་ཏེ། གོང་འོག་མཉམ་འབྲེལ་དང་དངོས་ཡོད་དང་དྲ་རྒྱ་མཉམ་འཛིན་གྱི་རྣམ་པ་སྤྱད་དེ་སྤེལ་རྒྱུ་རེད། མིག་སྔའི་བར་ས་གནས་སོ་སོ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱིས་གྲོས་མཐུན་འགོད་རྩིས་ཡོད་པའི་ལས་གཞི་ཉིས་བརྒྱ་དང་རེ་དྲུག་དངོས་འབེབས་བྱས་ཤིང་། སྤྱིའི་དངུལ་གཏོང་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གཅིག་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་ལ་སླེབས་པ་དང་གྲོས་མཐུན་འགོད་པའི་དམིགས་འབེན་དང་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་བཅུ་གཉིས་ཡོངས་འགྲུབ་བྱས།

                                                                                                  ལོ་ཙཱ་བ། བཀྲ་ཤིས་འབུམ།