མགོ་ལོག་གི་སྡེ་ཁག་མང་པོས་བྱི་རིམས་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་བརྒྱབ།
2020.08.03 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཉེ་ཆར། གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་བདུན་པའི་ཟླ་དཀྱིལ་ནས་བཟུང་། མགོ་ལོག་ཁུལ་གྱིས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་ནས་བྱི་རིམས་ལྟ་ཞིབ་ཚད་ལེན་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་རེད། བྱི་རིམས་འགོག་བཅོས་མཉམ་འགོག་མཉམ་བཅོས་ལ་ཤུགས་སྣོན་དང་སྡེ་ཁག་མང་པོའི་མཉམ་སྒྲུབ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ།

ཤེས་རྟོགས་བྱུང་བར་གཞིགས་ན། མགོ་ལོག་ཁུལ་གྱིས་རྨ་སྟོད་རྫོང་དང་རྨ་ཆེན་རྫོང་གཙོ་གནད་ལྟ་ཞིབ་ཚད་ལེན་རྫོང་དུ་བརྩིས་ནས། དེ་ལས་གཞན་པའི་རྫོང་བཞི་ལའང་བྱི་རིམས་ལྟ་ཞིབ་ཚད་ལེན་དང་འདུས་ཚད་བརྟག་དཔྱད་བྱས་པ་རེད། སྤྱི་བདེ་དང་ཞིང་འབྲོག འགྲིམ་འགྲུལ་སྐྱེལ་འདྲེན། རང་བྱུང་ཐོན་ཁུངས་ཅུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་བྱི་རིམས་འགྲིམ་འགྲུལ་ནད་ཡམས་བརྟག་ཞིབ་ས་ཚིགས་བཙུགས་པ་མ་ཟད། ཁྲིམས་འགལ་ངང་འཕྱི་བའི་པགས་པ་དང་སྣུམ་ཚིལ། ཤ་བཟོས་ཐོན་རྫས་སོགས་ཁྲིམས་འགལ་བྱེད་སྤྱོད་ལ་རྡུང་རྡེག་བཏང་བ་རེད། འཕྲོད་བསྟེན་དང་བདེ་ཐང་སྡེ་ཁག་གིས་འགུལ་ཚད་མཐོ་བ་དང་སྟུག་ཚད་ཆེ་བ། ཕྱོགས་ཡོངས་ནས་བྱི་རིམས་ཀྱི་རིམས་ནད་བྱུང་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ཕུད། ཆུ་ཚོད་ཉེར་བཞི་ཡི་མཁོ་བསྟུན་འཕྲལ་སྡོམ་ལས་རེས་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས། བྱི་རིམས་ཀྱི་རིམས་ནད་བྱུང་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་དུས་ཐོག་ཏུ་འཕྲལ་ཐག་ཆོད་པོས་འཕྲོད་བསྟེན་འཕྲལ་སྡོམ་བྱ་ཐབས་སྤྱོད་ཐུབ་པའི་འགན་ལེན་བྱས་པ་རེད། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་རང་བདག་འགན་འཁྲི། ལས་ཁུངས་དང་དེ་བཞིན་སྡེ་ཁག་གི་འགན་འཁྲི་སོགས་ཀྱི་འགན་འཁྲི་ལྟ་སྐུལ་མཛུབ་ཁྲིད་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ཡོད། རྫོང་ཁག་གིས་ད་དུང་འཕྲལ་སྡོམ་སྔོན་ཇུས་སྔ་རྗེས་སུ་འཐུས་སྒོ་ཚང་དུ་བཏང་ནས། བྱི་རིམས་ཀྱི་འཕྲལ་སྡོམ་ནང་སྦྱོང་བྱས་པས་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་ཕྱིན་ཡོད།

ལོ་ཙཱ་བ། བན་དེ་སྐྱབས།