གསར་འགོད་པས་ཉིས་སྟོང་ཉི་ཤུ་ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕང་འབྲས་འཐུ་བའི་ངལ་ནུས་འབྲེལ་མཐུད་ཚོང་གཏམ་གྲོས་ཚོགས་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་འཕང་འབྲས་ལ་ལོ་ལེགས་ཆེན་པོ་བྱུང་ནས་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བདུན་ཡན་ཟིན་པ་རེད།
ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ངལ་ནུས་སྤུས་རྟགས་ཀྱིས་ལས་ཞུགས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་མང་བསྟུད་མར་ཞིང་ཆེན་ཡོངས་ཀྱི་འཕང་འབྲས་འཐུ་བའི་ངལ་ནུས་འབྲེལ་མཐུད་ཚོང་གཏམ་གྲོས་མོལ་བྱེད་སྒོ་སྒྲིག་འཛུགས་བྱས་པ་རེད། མཚོ་ནུབ་ཁུལ་གྱི་འཕང་འབྲས་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་པ་རེད། རོང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་གཞན་སྒྱུར་ལས་ཞུགས་བྱས་ནས་འབབ་འཕར་ཡོང་རྒྱུར་ཐབས་ལམ་རྒྱ་ཆེར་བཏང་ཡོད། ད་ལོ་མཚོ་ནུབ་ཁུལ་གྱི་འཕང་འབྲས་འདེབས་འཛུགས་རྒྱ་ཁྱོན་སྤྱི་ཆིང་ཁྲི་གསུམ་དང་སྟོང་གཅིག་བཞི་བརྒྱ་དྲུག་ཅུ་ཟིན་ཡོད། སྔོན་དཔག་བྱས་ན་འཕང་འབྲས་གསར་པ་ཐོན་ཚད་ཏུན་འབུམ་གསུམ་དང་ཁྲི་ལྔ་སྟོང་གཅིག་བརྒྱད་བརྒྱ་ཡན་ཟིན་པ་དང་། འཕང་འབྲས་འཐོག་མཁན་གྱི་ངལ་ནུས་དགོས་མཁོ་མི་འབུམ་གཅིག་ལ་སླེབས་པར་མ་ཟད། ངལ་ནུས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་དྲུག་དང་བྱེ་བ་བདུན་ཡན་མངོན་འགྱུར་ཐུབ་ཡོད།
ལོ་ཙཱ་བ། བན་དེ་སྐྱབས།