རང་ཞིང་གིས་ངལ་རྩོལ་པ་སྟོང་གཅིག་ལྷག་གི་དཔལ་འབྱོར་གྱོང་གུད་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཅིག་དང་ཁྲི་གསུམ་ལྷག་མེད་པར་བཏང་།
2020.08.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ད་ལོའི་ལོ་སྟོད་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ངལ་རྩོལ་མི་དོན་རྩོད་གཞི་འདུམ་སྒྲིག་ཁྲུན་གཅོད་ལས་ཁུངས་ཀྱིས་རྩོད་གཞིའི་གྱོད་དོན་སྟོང་གཅིག་དང་བརྒྱ་དང་ལྔ་དང་ལེན་བྱས་ཤིང་། འདུམ་སྒྲིག་ལེགས་འགྲུབ་བྱུང་ཚད་བརྒྱ་ཆའི་རེ་ལྔ་ལ་སླེབས་པ་དང་། ཁྲུན་གཅོད་གྱོད་དོན་མཇུག་བསྡུས་ཚད་བརྒྱ་ཆའི་གྱ་བརྒྱད་ལ་སླེབས་པ་དེས་ངལ་རྩོལ་མཁན་སྟོང་གཅིག་དང་བརྒྱ་དང་ཉི་ཤུའི་དཔལ་འབྱོར་གྱོང་གུད་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་འབུམ་གཅིག་དང་ཁྲི་གསུམ་ལྷག་མེད་པར་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་མི་དོན་འབྲེལ་བ་སྤྱིར་བཏང་དུ་འཆམ་མཐུན་དང་བརྟན་འཇགས་སུ་བཏང་།

ད་ལོའི་ལོ་སྟོད་ལ་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་མི་དོན་རྩོད་གཞིའི་གྱོད་དོན་ཁྱད་ཆོས་འགའ་ཡོད། གྱོད་དོན་དེ་གཙོ་བོ་དཔལ་འབྱོར་འཕེལ་རྒྱས་ཅུང་མགྱོགས་ཤིང་མི་གྲངས་འདུས་སྡོད་བྱས་པ་མང་བ་དང་། མི་བཀོལ་སྤྱོད་བྱེད་པའི་ལས་ཁུངས་ཅུང་མང་པའི་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བཅས་སུ་གཅིག་སྡུད་བྱས་ཡོད་ལ། གྱོད་དོན་སྤྱི་གྲངས་ཀྱི་བརྒྱ་ཆའི་དགུ་བཅུའི་ཡན་ཟིན་ཡོད།

ངལ་རྩོལ་མི་དོན་རྩོད་གཞིའི་གྱོད་དོན་ཁྲོད་དུ་གྱོད་དོན་དེ་ངལ་རྩོལ་པ་སྟོང་གཅིག་དང་བརྒྱ་དང་ཉི་ཤུ་ལ་འབྲེལ་བ་ཡོད་པ་དང་། སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བརྒྱད་དང་གྲངས་ཆུང་ལྔ་ཇེ་ཉུང་དུ་སོང་ཞིང་མི་ཚོགས་རང་བཞིན་གྱི་ངལ་རྩོལ་མི་དོན་རྩོད་གཞིའི་གྱོད་དོན་མ་བྱུང་། གྱོད་དོན་དང་འབྲེལ་བའི་དངུལ་གྲངས་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་སྒོར་བྱེ་བ་གཅིག་དང་འབུམ་གཉིས་ཁྲི་བཞི་ལྷག་ཇེ་ཉུང་དུ་སོང་།

                                                                                                                        ལོ་ཙཱ་བ། བཀྲ་ཤིས་འབུམ།