རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་འཚོགས།
2020.08.05 ཁུངས། ཀློག་གྲངས། 55

ཟླ་བརྒྱད་པའི་ཚེས་གསུམ་ཉིན། མཚོ་ལྷོ་ཚགས་པར་ཁང་དང་མཚོ་ལྷོ་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་ནས། ཡོངས་འདུས་ཀྱི་སྨྱན་སྦྱོར་གྲུབ་སྟངས་འཛུགས་སྐྲུན་བྱེད་དགོས་ཞེས་པ་བརྗོད་དོན་ཡིན་པའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་འཚོགས་འགོ་བརྩམས།

པེ་ཅིན་དང་བོད་ལྗོངས། ཀན་སུའུ། སི་ཁྲོན་སོགས་ནས་ཡོང་བའི་བོད་ཡིག་སྨྱན་སྦྱོར་ལས་ཁུངས་ལྔ་བཅུ་ལྷག་གི་ཆེད་མཁས་པ་དང་སྨྱན་སྦྱོར་མི་སྣ་བརྒྱ་ལྷག་གདན་འདྲེན་ཞུས་པ་ལྟར་ཐེངས་འདིའི་བྱ་འགུལ་ལ་ཞུགས།

མཐུན་སྦྱོར་ཚོགས་འདུ་འདི་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་རིན་རེའི་ཚགས་པར་ཁང་གཉིས་ཀྱིས་ཐོག་དང་པོར་འགོ་བཟུང་ནས་སྒྲུབ་པ་ཞིག་ཡིན་ལ། ཉིས་སྟོང་ཉི་ཤུ་ལོ་ནས་བཟུང་ལོ་རེར་ཐེངས་རེ་སྒྲུབ་པ་དང་། བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡོན་ནན་བཅས་ཞིང་ལྗོངས་ལྔའི་བོད་ཡིག་སྨྱན་སྦྱོར་སྡེ་ཁག་གིས་རེས་མོས་བཞིན་སྒྲུབ་བཞིན་ཡོད། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཉིན་བཞི་ཡིན་པ་དང་། རིམ་པ་བཞིན་དུ་བོད་སྐད་ཡིག་གི་བརྡ་ཆད་གསར་བའི་དཔྱད་འདེམས་ཚོགས་འདུ་བསྡུ་བ་དང་། བོད་སྐད་ཡིག་གི་ཕུལ་བྱུང་གསར་འགྱུར་བརྩམས་ཆོས་བསྡུ་བ་སོགས་བྱ་འགུལ་རབ་དང་རིམ་པ་བསྡུ་རྒྱུ་ཡིན་པ་དེས། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་བར་གྱི་བརྗེ་རེས་མཉམ་ལ་སྔར་ལས་ཤུགས་སྣོན་པ་དང་། བོད་ཡིག་གཙོ་རྒྱུགས་སྨྱན་སྦྱོར་གྱིས་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཕེལ་རྒྱས་བགྲོད་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱེད་པའི་ཐད་ལ་སྔར་ལས་ལྷག་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

བྱ་འགུལ་གྱི་སྐབས་སུ་ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་འགྲེམ་སྤེལ་སོགས་ཆེད་དོན་བྱ་འགུལ་སྤེལ་རྒྱུ་ཡིན་པར་མ་ཟད།  ཚོགས་ཞུགས་སྨྱན་སྦྱོར་ཚང་མ་རྩ་འཛུགས་བྱས་ཏེ་གཞི་རྒྱ་ཆེ་བའི་བཅར་འདྲིའི་བྱ་འགུལ་ལ་ཞུགས་རྒྱུ་རེད། ཚོགས་ཞུགས་འཐུས་མིས་མཚོ་ལྷོ་ཁུལ་དབུལ་སྐྱོར་ཐོན་ལས་གླིང་དང་མཚོ་ལྷོ་ཁུལ་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་། མཚོ་ལྷོ་ཁུལ་ཉི་འོད་ནུས་པའི་ཐོན་ལས་གླིང་བཅས་ལ་ཡུལ་དངོས་ལྟ་སྐོར་བྱེད་རྒྱུ་ལས། གཞན་ཁྲི་ཀ་རྫོང་རྨ་ནུབ་གྲོང་རྡལ་ཏ་ཧྲི་ཅ་སྡེ་བ་དང་ཁྲི་ཀ་རྫོང་རྒྱལ་ཁབ་ས་གཤིས་སྤྱི་གླིང་བཅས་ལ་ཆ་འཕྲིན་འཚོལ་སྡུད་བྱེད་པར་འགྲོ་རྒྱུ་རེད།

ལོ་ཙཱ་བ། དཔའ་བརྟན་རྒྱལ།