ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས།
2020.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུ་བ་དང་། ལྟེ་གནས་ཚན་ཁག་གི་སློབ་སྦྱོང་ཚོགས་འདུ་བསྡུ་བ་སོགས་ཀྱི་རྣམ་པ་སྤྱད་དེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས། གྲོང་ཁྱེར་དང་ཁུལ་སོ་སོས་གཅིག་གྱུར་གྱིས་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་རྒྱུ་དེ་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཆ་ཚང་བར་སློབ་པ་དང་། ཟབ་མོར་བརྟག་པ། དོན་དངོས་དང་སྦྲེལ་ནས་བཀོལ་བ་བཅས་བྱས་ནས། བསམ་བློ་དང་སྦྱོར་བ་དོན་ངོ་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་སྟེང་དུ་གཅིག་གྱུར་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། མཚོ་སྔོན་གྱི་དམིགས་བསལ་གནས་ཚུལ་རྐང་འཛུགས་པ་དང་། རྒྱལ་ཁབ་བཅོས་སྐྱོང་དང་ས་གནས་བཅོས་སྐྱོང་གི་སྦྲེལ་གནས་ཡང་དག་པར་བཙལ་ནས། ས་གནས་བཅོས་སྐྱོང་བྱེད་པའི་ལག་ལེན་ཁྲོད་དུ་རྒྱལ་ཁབ་བཅོས་སྐྱོང་ཐད་ལ་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས་ཟེར།

མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རང་གི་འགན་འཁྲི་ཁག་ཁུར་དངོས་སུ་ལག་བསྟར་བྱས་ཏེ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལ་ཡོངས་སུ་ཤུགས་སྣོན་པ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་ཟབ་མོ་བྱེད་པ། ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་གསར་གཏོད་རང་བཞིན་ལྡན་པར་ལག་བསྟར་བྱེད་པའི་ཁྲོད་དུ་གོ་སྐབས་གསར་པ་བསྐྲུན་པ་དང་རྣམ་པ་གསར་པ་བཏོད་ནས། ཏན་ཏིག་གི་བྱ་བའི་ཕན་འབྲས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་བྱས་ཏེ། མཚོ་ནུབ་ཀྱི་བྱ་བ་སྣ་ཚོགས་བརྟན་འཇགས་ཁྲོད་དུ་གོང་སྤེལ་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་ཏེ། མཚོ་ལྷོའི་དོན་དངོས་དང་དམ་པོར་སྦྲེལ་བ་དང་། རྒྱུན་སྲིང་འཕེལ་རྒྱས་ཀྱི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པར་སྦྲེལ་ནས། ཀོས་ནན་རྫོང་དེ་ཞང་སྡེ་བཅོས་སྐྱོང་གི་རྒྱལ་ཡོངས་ཀྱི་དཔེ་དབྱིབས་རྫོང་དུ་བསྐྲུན་པ་དང་། ཐུན་ཏེ་རྫོང་གི་དམངས་ཁྲོད་ཆོས་ལུགས་བཅོས་སྐྱོང་སོགས་བཅོས་སྐྱོང་ལག་ལེན་ཟབ་མོར་སྤེལ་བ་དང་། བཅོས་སྐྱོང་རྣམ་པ་འཚོལ་ཞིབ་བྱེད་པ། བཅོས་སྐྱོང་ཐབས་ཇུས་འཐུས་ཚང་དུ་གཏོང་བ། བཅོས་སྐྱོང་ཉམས་མྱོང་སྤྱི་སྡོམ་བྱེད་པ་བཅས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁུལ་དང་རྫོང་། ཞང་སྡེ་བཅས་ཀྱི་ཚོད་ལྟའི་དཔེ་དབྱིབས་སུ་འགྱུར་བྱེད་དགོས་པའི་བླང་བྱ་བཏོན།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ཏེ། མཚོ་བྱང་གི་དོན་དངོས་དང་སྦྲེལ་ནས། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས། མཇུག་འབྲས་ཁྲིད་ཕྱོགས་བཅས་བརྟན་པོར་འཛུགས་པ་དང་། རང་རྟོགས་ཀྱིས་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལྟར་དང་། ལྷག་པར་དུ་ཕྱོགས་དྲུག་ཐད་ཀྱི་ཆབ་སྲིད་ཀྱི་རྩ་དོན་གལ་ཆེན་དང་། དངོས་ཐོག་བདེན་འཚོལ་གསུམ་གྱི་བྱ་བའི་འདུ་ཤེས། གསར་གཏོད་ལྔའི་ཐབས་ཤེས། བཅོས་སྐྱོང་གསུམ་གྱི་གཙོ་གནད། བཅོས་སྐྱོང་མཉམ་ཤུགས་བཞིའི་བཀོད་སྒྲིག་གལ་ཆེན་བཅས་ལྟར་རྟོག་དཔྱོད་ཟབ་མོ་བྱེད་པ་དང་བསམ་གཞིགས་ཞིབ་མོ་བཏང་སྟེ། ལག་བསྟར་དོན་འཁྱོལ་གྱི་བསམ་ཕྱོགས་དང་བྱེད་ཐབས་གཏན་འབེབས་བྱས་ནས། ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་མཚོ་བྱང་ནས་ལག་བསྟར་བྱས་ཏེ་གྲུབ་འབྲས་ཐོབ་པར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་དང་ཁུལ་ཨུའི་གཞུང་ལུགས་ལྟེ་གནས་ཚན་ཁག་གི་གྲོས་ཚོགས་བསྡུས་ཏེ། ཁུལ་གྱི་གནས་ཚུལ་ལ་རྐང་བཚུགས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཇུས་འགོད་བྱེད་པ་དང་། གྲོང་ཁྱེར་བཅོས་སྐྱོང་གི་གཙོ་གནད་ནི་ཞིབ་ཚགས་ལ་རག་ལས་ཞེས་པ་དང་། ཞིང་སྡེའི་བཅོས་སྐྱོང་གི་གཙོ་གནད་ནི་སྤུས་དག་ལ་རག་ལས་ཞེས་པ། འབྲོག་ཁུལ་བཅོས་སྐྱོང་གི་གཙོ་གནད་ནི་འབད་བརྩོན་ལྷོད་མེད་ལ་རག་ལས་ཞེས་པའི་བླང་བྱ་ཞིབ་མོ་ལྟར་དུ། ས་གནས་བཅོས་སྐྱོང་བབ་བསྟུན་མདུན་སྐྱོད་ཡོང་བར་བྱས་ཏེ་མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས་ཞེས་ནན་གྱིས་བསྟན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱིས་མགོ་ལོག་ཁུལ་གྱིས་ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པར་རྩ་བའི་བསྲུང་བྱ་དང་ནུས་ལྡན་བྱེད་ཐབས་འདོན་སྤྲོད་བྱས་ཡོད་ལ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་དགོས་ན་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནས་འཛིན་དགོས་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་རྐང་བཙུགས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་གཏོང་དགོས། རྒྱལ་གཅེས་རིང་ལུགས་ཀྱི་དགོངས་དོན་དར་སྤེལ་དང་། ཁྲིམས་སྐྱོང་དགོངས་དོན་བརྟན་སྲུང་། དག་སྲུང་གསར་གཏོད་ཀྱི་དགོངས་དོན་མངོན་མཚོན། མདོ་དབུས་མཐོ་སྒང་གི་དགོངས་དོན་རྒྱུན་འཛིན་བཅས་བྱས་ཏེ། འབད་བརྩོན་ལྷོད་མེད་ཀྱིས་འབྲོག་ཁུལ་བརྟན་སྲུང་དང་འབྲོག་ཁུལ་བཅོས་སྐྱོང་བྱེད་དགོས་ཞེས་བསྟན།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁུལ་ཨུའི་རྒྱུན་ལས་རྒྱ་བསྐྱེད་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། བཅོས་སྐྱོང་འདུ་ཤེས་དང་བཅོས་སྐྱོང་སྒྲིག་སྲོལ། བཅོས་སྐྱོང་རྐྱེན་སྲོལ། བཅོས་སྐྱོང་ཐབས་ལམ། བཅོས་སྐྱོང་བྱེད་ཐབས་བཅས་གསར་གཏོད་བྱེད་པའི་སྤྱིའི་བླང་བྱ་ལ་གོ་བ་ཟབ་མོ་བླངས་ཏེ། སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་དེ་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། ཏང་འཛུགས་ཀྱིས་ས་གནས་བཅོས་སྐྱོང་གསར་གཏོད་ལ་སྣེ་ཁྲིད་བྱེད་པའི་དཔེ་དབྱིབས་ཧུར་ཐག་གིས་བསྐྲུན་ནས། ས་གནས་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱེད་དགོས་ཞེས་བསྟན།

ལོ་ཙཱ་བ། ཕྱུག་ལོ།