རང་ཞིང་གི་ས་གནས་སོ་སོས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས།
2020.08.16 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་ཚོགས་རྗེས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་དེར་ཧ་ཅང་མཐོང་ཆེན་བྱས་ཏེ། མྱུར་དུ་འགུལ་སྐྱོད་སྤེལ་བ་དང་ལག་བསྟར་དང་དངོས་འབེབས་བྱ་བ་དམ་འཛིན་བྱས་པར་མ་ཟད། སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པར་ཤུགས་སྣོན་པ་དང་ཀུན་གྱིས་ཡོངས་སུ་ཁོང་དུ་ཆུད་པར་བྱེད་དགོས་པའི་རེ་བ་བཏོན། ཚང་མས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་བཅས་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་དང་དག་ཐེར་དང་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་གསལ་བོར་ཤེས་པར་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་རྦད་ཆོད་སྒོས་ཁག་ཁུར་བྱེད་པ་ཡིན་ཟེར།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ཐོག་ཏུ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་བསྡུས་ཏེ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་མྱུར་དུ་འགུལ་སྐྱོད་སྤེལ་བར་སྐུལ་མ་གཏོང་བ་དང་། དུས་ཐོག་ཏུ་སྐྱེ་ཁམས་བདེ་འཇགས་ལ་ཞིབ་བཤེར་དང་བཅོས་སྐྱོང་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བརྡ་ཐོ་གཏན་འཁེལ་དང་འགྲེམ་སྤེལ་བྱས་པར་མ་ཟད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་ཉེན་ཁར་ཞིབ་བཤེར་བྱེད་པ་དང་། སྐྱུར་མི་སྲིད་པ་ལྔ་ཡི་རེ་བ་ལྟར་གནད་དོན་གྱི་དག་ཐེར་དང་བཅོས་སྐྱོང་བྱ་བ་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱེད་དགོས་པའི་རེ་བ་བཏོན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཚང་མས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འགོ་ཁུངས་དང་ཀྲུང་ཧྭའི་ཆུ་མཛོད་སྲུང་སྐྱོབ་བཟང་བོ་བྱེད་རྒྱུ་ནི་ཚང་མའི་ཐུན་མོང་གི་ལས་འགན་དང་འགན་འཁྲི་ཡིན་པས། མགོ་ལོག་གི་སྐྱེ་ཁམས་ཁོར་ཡུག་སྐྱོབ་བྱེད་པའི་འགན་འཁྲི་ལྗིད་མོ་ཁག་ཁུར་བྱེད་པ་དང་། སྤྱོད་ཚུལ་ཐད་ནས་ལེགས་སྒྱུར་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་རང་རྟོགས་སྒོས་བཅའ་ཁྲིམས་བརྩི་སྲུང་དང་སྲུང་སྐྱོབ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དེ་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་འདབ་ལོ་རྒྱས་བ་འགན་སྲུང་བྱེད་རྒྱུ་རང་འགུལ་སྒོས་ཁག་ཁུར་བྱེད་པ་ཡིན་ཟེར།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ཐོག་ཏུ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ། གནས་པའི་གནད་དོན་ལ་ཁྱོན་ཡོངས་ནས་ཞིབ་བཤེར་དང་དག་ཐེར་བཅོས་སྐྱོང་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་གནད་དོན་གྱི་དག་ཐེར་བཅོས་སྐྱོང་བྱ་བ་བཟང་བོར་བསྒྲུབ་དགོས་ལ། ཧུར་ཐག་སྒོས་གནད་དོན་ཐག་བཅད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་སྤྲད་པའི་དོན་དག་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན། ཚང་མས་བཤད་རྒྱུར། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ནི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ས་ཁུལ་གཙོ་བོ་ཡིན་པས། གྲོས་ཚོགས་ཀྱི་དགོངས་དོན་དོ་དམ་མི་སྣ་རེ་རེ་ལ་བརྒྱུད་སྒྲོག་བྱས་ཏེ་ཁོ་ཚོའི་བསམ་བློའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་རོགས་རམ་བྱེད་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་ངེས་ཡིན་ཟེར།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་དུས་ཐོག་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་གྲོས་ཚོགས་བསྡུས་ཏེ། དེང་སྐབས་ཁུལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཕྱོགས་ཀྱི་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། ཚང་མས་བཤད་དོན། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཙོ་གཞིའི་འགན་འཁྲི་ཁག་ཁུར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ལྟ་སྐུལ་འགན་ནུས་འདོན་སྤེལ་གང་ལེགས་བྱེད་དགོས་ལ། རིམ་པ་སོ་སོའི་སྐྱེ་ཁམས་ཁོར་ཡུག་ལས་ཁུངས་ཀྱིས་ཁྲིམས་སྐྱོང་ནན་མོ་བྱེད་པ་དང་ཁྲིམས་ལྟར་དོན་དག་བསྒྲུབ་པ་དང་། རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཀྱིས་བཟོད་སྒོམ་མེད་པའི་རྣམ་འགྱུར་བཅངས་ཏེ་རྒྱུན་མཐུད་སྒོས་ཁོར་ཡུག་ཁྲིམས་འགལ་ཉེན་ཅན་བྱ་འགུལ་ལ་རྡུང་རྡེག་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ཟེར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉེན་བརྡ་གཏོང་བའི་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་གྲོས་ཚོགས་བསྡུས་པར་མ་ཟད་སྐྱེ་ཁམས་ཁོར་སྲུང་ཐད་ལ་བཀོད་སྒྲིག་བྱས། ཚང་མས་བཤད་དོན། བློ་ཐག་རྦད་ཆོད་སྒོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་ཁག་ཁུར་བྱས་ཏེ། བསམ་བློ་གཅིག་གྱུར་དང་ཁྱོན་ཡོངས་ལ་ཞིབ་བཤེར་བྱེད་པ་དང་། བསམ་གཞིགས་ཞིབ་མོ་གཏོང་བ་དང་གཅིག་ཤེས་ཀུན་གྲོལ་བྱེད་པར་མ་ཟད། གནད་དོན་རྩད་ཆོད་རྗེས་མྱུར་དུ་ཐག་གཅོད་པ་དང་བསླབ་བྱ་དང་ལེན་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་ངེས་ཡིན་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།