ཉེ་ལམ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་ཀྱིས་མཉམ་འབྲེལ་སྒོས་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག་གི་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་བའི་བརྡ་སྦྱོར་འགྲེམ་སྤེལ་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་རྒྱབ་སྐྱོར་གསུམ་དང་རོགས་འདེགས་གཅིག་གི་མི་སྣའི་འཚོ་བའི་ཁ་གསབ་ཚད་གཞི་ཇེ་མཐོར་བཏང་བ་དང་། ཁ་གསབ་ཚད་གཞི་དེ2018ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཟུང་རྩིས་རྒྱག་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་མཐོ་རིམ་སློབ་གྲྭ་ནས་མཐར་ཕྱིན་པའི་སློབ་མ་ལས་རྒྱབ་སྐྱོར་གསུམ་དང་རོགས་འདེགས་གཅིག་གི་བྱ་བ་བསྒྲུབ་བཞིན་པའི་མི་སྣའི་བྱ་བ་དང་འཚོ་བའི་ཁ་གསབ་དང་ཐེངས་གཅིག་རང་བཞིན་གྱི་ཁྱིམ་འཛུགས་དོད་དངུལ་ཚད་གཞི་ཇེ་མཐོར་བཏང་། འཚོ་བའི་ཁ་གསབ་ཚད་གཞི་དེ་ད་ཡོད་ཀྱི་རྨང་གཞིའི་སྟེང་། མི་རེར་ཟླ་རེར་སྒོར་བཞི་བརྒྱ་དང་བཅུ་དྲུག་ཇེ་མཐོར་བཏང་བ་དང་། རིགས་གཉིས་པའི་ས་ཁུལ་གྱི་ཁ་གསབ་སྒོར་སྟོང་གཉིས་དང་བཞི་བརྒྱ་གོ་དྲུག་ལ་སླེབས་པ་དང་། རིམས་གསུམ་པའི་ས་ཁུལ་གྱི་ཁ་གསབ་སྒོར་སྟོང་གཉིས་ལྔ་བརྒྱ་གོ་དྲུག རིགས་བཞི་བའི་ས་ཁུལ་གྱི་ཁ་གསབ་སྒོར་སྟོང་གཉིས་དང་དྲུག་བརྒྱ་གོ་དྲུག རིགས་ལྔ་བའི་ས་ཁུལ་གྱི་ཁ་གསབ་སྒོར་སྟོང་གཉིས་བདུན་བརྒྱ་གོ་དྲུག རིགས་དྲུག་པའི་ས་ཁུལ་གྱི་ཁ་གསབ་སྒོར་སྟོང་གཉིས་དང་བརྒྱད་བརྒྱ་གོ་དྲུག་བཅས་ལ་སླེབས་ཡོད།
དེ་ལས་གཞན། གསར་དུ་བསྡུ་བ་མ་ཟད་ལས་རྐང་དུ་ཟླ་དྲུག་རིང་ཞབས་འདེགས་ཞུ་བའི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མའི་རྒྱབ་སྐྱོར་གསུམ་དང་རོགས་འདེགས་གཅིག་གི་བྱ་བ་བསྒྲུབ་བཞིན་པའི་མི་སྣར་མི་རེར་སྒོར་སྟོང་གཅིག་སྟེར་ཐེངས་གཅིག་བྱས་ནས། ཁ་གསབ་སྒོར་སྟོང་གསུམ་ལ་སླེབས། དེ་དང་མཉམ་དུ། རང་ཞིང་གིས་ད་དུང2019ལོའི་ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན་གྱི་རྗེས་སུ་ད་དུང་ལས་རྐང་དུ་ཞབས་ཞུ་སྒྲུབ་བཞིན་པའི་རྒྱབ་སྐྱོར་གསུམ་དང་རོགས་འདེགས་གཅིག་མི་སྣའི་ཁ་གསབ་ལེགས་སྒྲིག་སྔ་གཞུག་གི་ཆད་ལྷག་སྒོར་ཡང་བསྐྱར་ཁ་གསབ་བྱེད་རྒྱུ་རེད།
ལོ་ཙཱ་བ། རིན་ཆེན་མཚོ།