རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་གཞི་རིམ་གྱི་འགྲིམ་འགྲུལ་ཉེན་རྟོག་པ་བསམ་གཏན།
2020.08.19 ཁུངས། ཀློག་གྲངས། 1105

རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་གཞི་རིམ་གྱི་འགྲིམ་འགྲུལ་ཉེན་རྟོག་པ་བསམ་གཏན།

རང་རེའི་ལས་ཁུངས་ཀྱི་གསར་འགོད་པ་སྟོབས་ལྡན་བཀྲ་ཤིས་དང་སྟོབས་ལྡན་རྒྱལ་གཉིས་ཀྱིས་བཀོད་པའི་གསར་འགྱུར།

ཉེ་ལམ་ངེད་མཚོ་སྔོན་རྒྱང་སྒྲོག་བརྙན་ཁང་བོད་སྐད་རླུང་འཕྲིན《འགྲུལ་བཞུད་ལམ་སྟོན》ལེ་ཚན་གྱི་གསར་འགོད་པས་ཉིན་གསུམ་གྱི་རིང་ལ་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་བྱ་བར་རྒྱུས་ལོན་བྱས་ཏེ། གཏམ་རྒྱུད་ཅན་གྱི་མི་སྣ་དང་བྱས་རྗེས་ཅན་གྱི་མི་སྣ། བརྩོན་སེམས་ཅན་གྱི་མི་སྣ། སྡུག་རུས་ཅན་གྱི་མི་སྣ། རང་ལས་གཞན་གཅེས་ཀྱི་མི་སྣ་ཞིག་གི་ཁུངས་སྣེ་བཙལ་བ་ཡིན། ཏག་ཏག་མ་བོས་རང་འཛོམས་ཞེས་པའི་དཔེ་ལྟར་ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ནང་དུ་ཐེངས་འདིའི་བཅར་འདྲིའི་བརྗོད་གཞི་དང་ཧ་ཅང་འཚམས་ཤིང་། ལྷག་བསམ་དང་བརྩོན་འགྲུས་ཀྱིས་རྒྱལ་ཡོངས་མི་དམངས་ཀྱི་ཡིད་སེམས་བཀུགས་ཤིང་། སྨོན་པ་འཆོར་མྱོང་བའི་སྐྱེས་བུ་ཞིག་དང་འཕྲད་སོང་།

ཁོང་ནི་ཧྲུའུ་གྲོང་ཁྱེར་ན་མིང་ལ“མི་དམངས་ཀྱི་ཕ་རྒན”ཐོགས་པའི་འགྲིམ་འགྲུལ་ཉེན་རྟོག་པ་ཞིག་ཡོད་པ་དེ་ཡིན་ལ། ཁོང་ནི་ཡུས་ཧྲུའུ་གྲོང་ཁྱེར་ན་དགུན་དུས་ཁ་ཆར་བུ་ཡུག་དང་། དབྱར་དུས་ཙད་དང་སེར་བ་ལ་མི་འཛེམ་པའི་སྐྱེས་བུ་ལྷག་བསམ་ཅན་གྱི་མི་བུ་ཞིག་སྟེ།ཉིས་སྟོང་བཅུ་དགུ་ལོར་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་གཞི་རིམ་གྱི་འགྲིམ་འགྲུལ་ཉེན་རྟོག་པའི་མཚན་སྙན་ཐོབ་པའི་འགྲིམ་འགྲུལ་ཉེན་རྟོག་པ་བསམ་གཏན་ལགས་རེད།

བསམ་གཏན་གྱི་སྒྲ།

ཁོང་གི་གཟི་བརྗིད་ཀྱི་མཚན་སྙན་འདི་ནི་ཡུས་ཧྲུའུ་མི་དམངས་མ་ཟད། ཞིང་ཆེན་ཡོངས་ཀྱི་ལ་རྒྱ་དང་གཟི་བརྗིད་ཅིག་ཡིན་ལ། རང་རེའི་མཚོ་སྔོན་ཞིང་ཆེན་དུ་འགྲིམ་འགྲུལ་ཉེན་རྟོག་པའི་ཕྱོགས་ནས་རྒྱལ་ཡོངས་ཀྱི་ཆེས་མཛེས་པའི་གཞི་རིམ་གྱི་འགྲིམ་འགྲུལ་ཉེན་རྟོག་པའི་མཚན་སྙན་ཐོབ་མཁན་ཁོང་གཅིག་པུ་རེད། དེ་བས་ཁོང་ལ་ཡུས་ཧྲུའུ་མི་དམངས་ཀྱིས“མི་དམངས་ཀྱི་ཕ་རྒན”ཞེས་པའི་མིང་གསར་བ་ཞིག་ཀྱང་བཏགས་ཡོད།

ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ་མགར་ཐུབ་པས་བཤད་རྒྱུར།

ཁོང་གིས་འགྲུལ་འགྲུལ་ཉེན་རྟོག་པའི་བྱ་བ་བསྒྲུབས་ནས་མི་ལོ་སུམ་ཅུ་ལྷག་འདས་ཟིན་ལ། འདས་པའི་ངོ་ལོ་དེ་དག་གི་རིང་དུ་ཁོའི་ཆུང་དུས་ཀྱི་ལང་ཚོ་དང་། བདེ་སྐྱིད། ན་གཞོན་གྱི་སྤྲོ་སྣང་ཡོད་ཚད་ལས་ཀའི་ཁྲོད་ཕུལ་བ་རེད། ཉིས་སྟོང་བཅུ་ལོའི་ཡུས་ཧྲུའུ་ས་འགུལ་བྱུང་བ་ནས་བཟུང་།  ཉེན་རྟོག་པ་བསམ་གཏན་ལགས་ཀྱིས་གཉིད་ཆགས་ཟས་བརྗེད་ཀྱིས་སྲང་ལམ་བསྐྱར་གསོའི་བཀོད་འདོམས་དང་། རྨས་མ་མྱུར་སྐྱེལ་སྐྱོབ་ལམ། དངོས་ཟོག་འགྲིལ་སྐྱེལ་ཟོང་ལམ་སོགས་ལམ་ཕྲན་རེ་རེ་བསྐྱར་དུ་འཛུགས་སྐྲུན་བྱེད་པའི་ཐད་དཀའ་སྡུག་གི་རྔུལ་ཆུ་གང་མང་བཏོན་པར་མ་ཟད། ཁོ་རང་ཉིད་སྲང་ལམ་སོ་སོར་ལངས་ཏེ་ངལ་བ་ལྷུར་ལེན་གྱིས་ལས་ཀ་བསྒྲུབས་པ་རེད།ཡུས་ཧྲུའུ་བསྐྱར་འཛུགས་བྱས་ནས་ཏག་ཏག་ལོ་འཁོར་བཅུ་ལོན་པའི་རིང་དུ།ཡུས་ཧྲུའུ་མི་དམངས་ཀྱི་བསམ་པའི་རིག་གནས་དང་། དངོས་པོའི་རིག་གནས། འཚོ་བ་དང་ཁོར་ཡུག་སོགས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། གཞན་སྲང་ལམ་སོ་སོ་གྲལ་དག་ཅིང་། འགྲིམ་འགྲུལ་གྱི་ཆག་སྒོ་ཉུང་བ། མི་བགྲོད་རྐང་ལམ་གྱི་ལམ་སྟོན་བྱང་བུའི་སྟེང་དུ་བོད་རྒྱ་སྐད་གཉིས་ཀྱི་འགྲིམ་འགྲུལ་བདེ་འཇགས་ཐད་ཀྱི་གསལ་འདེབས་ཡི་གེའི་སྐོར་སྒྲ་གཟུགས་བསྡེབས་མ་བྱས་ནས་སྦྱར་ཡོད་པར་མ་ཟད། གཞན་འཕྲུལ་རྟ་དང་གློག་སྒུལ་རླངས་འཁོར་ལ་ཆེད་དུ་འདུག་སའི་ས་ཚིགས་ཀྱང་ལས་ཡོད་པས་ཡུས་ཧྲུའུ་ཡི་འགྲིམ་འགྲུལ་ཁོར་ཡུག་དེ་ད་ལྟ་གཞི་ནས་གོ་རིམ་ལྡན་པ་ཞིག་ཏུ་གྱུར་ཡོད།

སྐྱེ་རྒུ་གྲོང་རྡལ་ཟུར་མང་ཆུང་བ་ཡུལ་ཚོ་འབངས་རྒྱམ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི།འོད་ཟེར་ཆོས་འཕེལ་གྱིས་བཤད་རྒྱུར།

ད་དུང་། བསམ་གཏན་ལགས་ནི་འགྲིམ་འགྲུལ་ཉེན་རྟོག་པ་རྐྱང་རྐྱང་ཞིག་མ་ཡིན་པར། ཉེ་བའི་ལོ་འགའི་སྔོན་ནས་བཟུང་། ཁོང་གིས་སྐྱེ་རྒུ་གྲོང་རྡལ་ཟུར་མང་ཆུང་བ་ཡུལ་ཚོ་འབངས་རྒྱམ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་ནས། སྡེ་བ་དེའི་དབུལ་ཕོངས་ཁྱིམ་ཚང་དང་ལོ་ལོན་བདག་མེད། གཉོམ་ཆུང་དྭ་ཕྲུག་བཅས་ལ་ཟས་གོས་གཉིས་ཀྱི་ཐད་ནས་རོགས་སྐྱོར་གང་མང་བྱས་པ་དང་། སྡེ་བའི་ནང་དུ་ཟམ་པ་ལས་པ་དང་། གཞུང་ལམ་བསྐྱར་གསོ། བརྡ་རྟགས་འཛུགས་སྐྲུན་སོགས་ཀྱི་ཐད་ལ་ནུས་པ་གང་མང་བཏོན།ཁོང་ནི་འགྲིམ་འགྲུལ་ཉེན་རྟོག་པའི་ཁྲོད་དུ་ཀུན་གྱིས་སློབ་སྦྱོང་དང་མིག་དཔེར་འོས་པའི་མི་སྣ་རླབས་ཆེན་ཞིག་ཡིན་པས། སྔ་རྗེས་སུ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པ། ཁུལ་རིམ་པ་སོགས་འབྲེལ་ཡོད་སྡེ་ཁག་ནས་བྱ་དགའ་མང་པོ་ཐོབ་མྱོང་།ང་ཚོའི་མི་རབས་འདིར་མཁོ་བ་ནི་མང་ཚོགས་ལ་སྙིང་ཉེ་བའི་བསམ་གཏན་ལྟ་བུའི་འགྲིམ་འགྲུལ་ཉེན་རྟོག་པ་དེ་ཡིན་ལ། ང་ཚོའི་དུས་རབས་འདིར་དགོས་པའང་བསམ་གཏན་ལྟ་བུའི་སྡུག་རུས་དང་ལྷག་བསམ་ཅན་གྱི་མི་བུ་བྱམས་སེམས་ཅན་དེ་རེད།

རྩོམ་སྒྲིག་པ། དཔའ་བརྟན་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབྱངས་ཅན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།